འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཉམས་མྱོང་གལ་ཆེན་བསགས་ཡོད་ཅེས་བརྗོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-09



     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་5ཉིན་གྱི་དགོང་མོ་ཁྱབ་བསྒྲགས་བྱས་པའི་ཉིན་རེའི་རིམས་ནད་སྙན་ཞུའི་ནང་མིག་སྔར་ཀྲུང་གོ་དེ་ཏོག་གསར་གློ་ཚད་རིམས་ནད་བཀག་འགོག་བྱེད་པའི་དུས་མཚམས་ནས་ནད་གཞི་ཞི་ལྷོད་དུ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་པས་ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཉམས་མྱོང་གལ་ཆེན་བསགས་ཡོད་ཅེས་བཀོད་ཡོད་པ་རེད།
     སྙན་ཞུ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཀྲུང་གོར་བཅའ་སྡོད་སྐུ་ཚབ་ཀའོ་ཏེང་·ཅ་ལའེ་ཡ་ཡིས་བཤད་པའི་སྐད་ཆ་དྲངས་ནས་བརྗོད་པ་ཞིག་ཡིན་ཞིང་། དེའི་ནང་ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཉམས་མྱོང་ཧ་ཅང་གལ་ཆེན་བསགས་ཡོད་པ་མ་ཟད། ལྷག་པར་དུ་ཡུལ་བབ་དང་བསྟུན་པ་དང་། ས་གནས་ཁག་གི་གནས་ཚུལ་མི་འདྲ་བ་དང་འཚམ་པའི་སྤྱི་པའི་འཕྲོད་བསྟེན་བྱ་ཐབས་སྤྱད་པས་རིམས་ནད་མཆེད་རྒྱུར་ཚོད་འཛིན་ནུས་ལྡན་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད།
     ཅ་ལའེ་ཡ་ཡིས་སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་སྐབས་མི་ཕན་ཚུན་བར་ཐག་འཇོག་པ་དང་། ལོགས་སུ་འཇོག་པ། མི་སྒེར་གྱི་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཀྲུང་གོ་མི་དམངས་ཀྱིས་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་པར་འབད་བརྩོན་ཧུར་ཐག་བྱས་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་ཅེས་བརྗོད་པ་རེད།
     ཅ་ལའེ་ཡ་ཡིས་རྒྱལ་ཁབ་ཁག་གིས་རིམས་འགོག་གི་ཉམས་མྱོང་དང་རིམས་ནད་ཀྱི་ཆ་འཕྲིན་ཕྱར་བ་གྲུ་འདེགས་ངང་མཉམ་སྤྱོད་བྱས་ཏེ་ཕན་ཚུན་སློབ་སྦྱོང་བྱེད་པའི་དཔྱད་གཞིར་བཟུང་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་དུས་ཐོག་ཏུ་སྤྱོད་དགོས་ཞེས་བརྗོད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་5ཉིན་གྱི་ཆུ་ཚོད་18(པེ་ཅིང་གི་དུས་ཚོད་ཚེས་6ཉིན་གྱི་ཆུ་ཚོད་ཀླད་ཀོར)བར་གོ་ལ་ཧྲིལ་པོར་གཏན་འཁེལ་བྱུང་བའི་ནད་དཔེ་1136851ཟིན་པ་དང་རིམ་རྩིས་བྱས་ན་ནད་དཔེ་62955གྲོངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1