ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་ཧྲིལ་པོའི་ཕུག་ལམ་47ཚང་མ་ཤར་གཏོང་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-09


     གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་7ཉིན་སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་སྨིན་གླིང་ཕུག་ལམ་བདེ་བླག་ངང་ཕུག་ཐུབ་ཡོད་པ་དང་། གཙང་དཀར་ཕུག་ལམ་ཡང་ཉིན་དེར་ཕུག་ཐུབ་ཡོད། དེའི་བར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་ཧྲིལ་པོའི་སྤྱི་ལེ་216.5ཡོད་པའི་ཕུག་ལམ་47ཚང་མ་ཕུག་ཐུབ་པ་བྱུང་ནས་ལམ་དུམ་དེའི་ལམ་ཐིག་དུས་བཀག་ལྟར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། 
     སྨིན་གླིང་ཕུག་ལམ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་ཁོངས་སུ་གནས་ལ། དེ་ནི་ལམ་ཐིག་ཧྲིལ་པོའི་ཨར་སྐྲུན་བྱེད་དཀའ་ཤོས་ཀྱི་སྨི་ཁྲི་ཅན་གྱི་ཕུག་ལམ་6གི་གྲས་ཤིག་ཡིན། དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཡིན་པ་དང་། རིང་ཚད་ལ་སྨི་11560ཡོད་པ། ས་གཏིང་ཤོས་ལ་སྨི་1200ཡོད་པས། ལྕགས་ལམ་འཛུགས་སྐྲུན་པས་དེ་ནི་དཀའ་གནད་ཆེ་ཤོས་ཀྱི་ཕུག་ལམ་དང་ཉེན་ཁ་ཆེ་ཤོས་ཀྱི་ཕུག་ལམ་རེད་ཅེས་བརྗོད་ཀྱི་ཡོད། 
     རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་འབྲེལ་ཡོད་འགན་འཁུར་བས་ཕུག་ལམ་དེ་བདེ་བླག་ངང་ཕུག་ཐུབ་པ་དེས་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པའི་འོག་ལྕགས་ལམ་ཕུག་ལམ་འཛུགས་སྐྲུན་གྱི་ཉམས་མྱོང་གསར་པ་ཞིག་ཆགས་ཡོད་པ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་དང་ལས་གྲྭ་འཛུགས་སྐྲུན་གྱི་ལག་ལེན་ཐད་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད་པ་རེད། 
     ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་། རང་རྒྱལ་གྱི་ས་ཤུན་འགུལ་སྐྱོད་བྱེད་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་གནས་ཡོད། དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་435ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་ཡོད། ལམ་ཐིག་དེ་མཚོ་བོད་མཐོ་སྒང་གི་གངས་ཏི་སི་ལེབ་དུམ་དང་ཧི་མ་ལ་ཡའི་ལེབ་དུམ་དབར་གྱི་ཡར་ཀླུང་གཙང་པོའི་འཚེམ་སྦྱོར་རྒྱུད་བརྒྱུད་ཅིང་། 90%ཡན་ས་བབ་མཐོ་ཚད་སྨི་3000ཡན་གྱི་ས་མཐོར་གནས་པ་དང་སྔ་རྗེས་སུ་ཡར་ཀླུང་གཙང་པོ་ཐེངས་16བརྒལ་ཞིང་། ལམ་རྒྱུད་ཀྱི་རི་བོ་གཡང་གཟར་ལ་གྲོག་རོང་གཏིང་ཟབ་པ་དང་། ཁོར་ཡུག་རྙོག་འཛིང་ཆེ་བས། ཨར་སྐྲུན་བྱེད་ཤིན་ཏུ་དཀའ་བ་རེད། 
     2014ལོའི་ཟླ་12པར་ལས་འགོ་བཙུགས་པ་ནས་བཟུང་། ལྕགས་ལམ་འཛུགས་སྐྲུན་པ་ཁྲི་2ཀྱིས་དཀའ་ངལ་དང་ཉེན་ཁར་མ་སྐྲག་པར་ཉིན་མཚན་མེད་པར་འབད་འཐབ་བྱས་ནས་ས་མཐོའི་གསོ་རླུང་དཀོན་པ་དང་། གནམ་གཤིས་ཞན་པ། ཁོར་ཡུག་དཀའ་ཚེགས་ཆེ་བ་སོགས་ཀྱི་དཀའ་ཁག་ཁྱད་དུ་བསད་ཅིང་། ལས་གྲྭའི་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། ཨར་སྐྲུན་རྩ་འཛུགས་ལེགས་སུ་བཏང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ། སྤུས་ཀ་ལེགས་ཤིང་ནུས་པ་ཆེན་པོའི་སྒོ་ནས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། 

     མིག་སྔའི་བར། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཕུག་ལམ་47ཚང་མ་ཕུག་ཐུབ་ཡོད་པ་དང་། ཟམ་པ་120ནང་119བསྐྲུན་ཟིན་པ། སྤྱི་ལེ་115.11ལ་ལྕགས་ལམ་བཏིང་ཟིན་པས། སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོར་ལྕགས་ལམ་ཚང་མ་གཏོང་ཐུབ་རྒྱུ་དང་ 2021ལོར་ཤར་གཏོང་ཐུབ་རྒྱུ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1