༄༅།།ང་ཚོ་ལ་བྱིས་སྒྲུང་དགོས་དོན་ག་རེ་ཡིན་ནམ།

ཁེར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-09



ཁེར་བུ།(ཟི་ལིང)
        ངས་ནི་ཆུང་དུས་སུ་རྨོ་མོའི་ངག་ནས་ཐོས་མྱོང་བའི་རང་རེའི་གནའ་གཏམ་དང་ལྷ་སྒྲུང་དག་ནི་དོན་དམ་གྱི་བྱིས་སྒྲུང་དུ་མི་འདོད། དེ་དག་བྱིས་པའི་རྩོམ་རིག་གི་ཁོངས་སུ་བགྲང་དུ་རུང་བ་སྨོས་མ་དགོས་ཀྱང་། གུས་པའི་བསམ་ཚུལ་ལ་དོན་དམ་གྱི་བྱིས་སྒྲུང་ལ་མ་མཐའ་ཡང་བརྩེ་བ་དང་འཆར་ཡན་གྱི་ནུས་པ་སྟེ་ཆ་རྐྱེན་འདི་གཉིས་ཚང་དགོས་པར་འདུག གནའ་གཏམ་དང་ལྷ་སྒྲུང་དེ་དག་གིས་འཆར་ཡན་ཐབས་ཆག་ཙམ་ལ་བརྟེན་ནས་ཀྱག་ཀྱོག་གི་གཏམ་རྒྱུད་ཅིག་འཆད་ཀྱིན་ཡོད་ནའང་། ཁྱོད་དགའ་ང་སྐྱིད་དམ་ཀུན་ཏུ་དགའ་བའི་གཅིག་མཚུངས་ཀྱི་མཇུག་བསྡུ་སྟངས་ཀྱིས། བྱིས་བློའི་དྲི་མ་ཡལ་མེད་པའི་ངའི་སེམས་སུ་མཇུག་འབྲས་མྱུར་དུ་བསམ་ཚོད་བྱེད་ཐུབ་པས། གནའ་གཏམ་དང་ལྷ་སྒྲུང་དེ་དག་གིས་བྱིས་དུས་ཀྱི་ངའི་ཡིད་ཀྱི་དང་བ་རྨང་ནས་        འདྲེན་མ་ཐུབ། གཞན་དུ་རང་རེ་ལ་ཆོས་ལུགས་དང་འབྲེལ་བའི་སྒྲུང་ངམ་གཏམ་རྒྱུད་མང་དུ་ཡོད་ཅིང་། དེ་དག་ནང་དུ་རྫུ་འཕྲུལ་དང་སྒྱུ་མ། རང་བྱུང་ལས་བརྒལ་བའི་སྟོབས་ཤུགས་སོགས་འཆར་ཡན་གྱི་ནུས་པ་ཤུགས་དྲག་ཏུ་ཡོད་ཀྱང་། དེ་ནི་ཆོས་ལུགས་ཀྱི་དགོས་མཁོར་དམིགས་ཏེ་ཆོས་ལུགས་ལ་ཞབས་འདེགས་ཞུ་བ་ཡིན་པས། རང་རྐྱ་ཕེར་བའི་བྱིས་པའི་རྩོམ་རིག་གམ་དོན་དམ་གྱི་བྱིས་སྒྲུང་ནི་མིན།
        དེ་བས་བྱིས་སྒྲུང་ནི་ངེས་པར་དུ་བརྩེ་བ་ཞེས་པའི་བརྗོད་གཞི་རྒྱ་ཆེན་པོ་འདི་དང་འབྲེལ་དགོས་ཏེ། བྱིས་སྒྲུང་ནང་དུ་མཛའ་བརྩེའམ་ཕྲག་དོག ཕུགས་བསམ་མམ་སེམས་གཅོང་། འཚོ་བའི་ཁྲོད་ཀྱི་ཙག་ཙིག་གམ་སྤྱི་ཚོགས་སྐྱོན་བརྗོད་སོགས་ནང་དོན་གང་རུང་ཞིག་བརྗོད་ཆོག་པ་དང་། བརྩེ་བ་ནི་མིའི་རིགས་སམ་འཚོ་བའི་རྟག་བརྟན་གྱི་བརྗོད་བྱ་ཡིན་པ་བཞིན་དུ། བྱིས་སྒྲུང་ཡང་མཐར་ཐུག་བརྩེ་བ་ཞེས་པའི་བརྗོད་གཞི་རྒྱ་ཆེན་པོ་འདི་དང་འབྲེལ་དགོས་ཤིང་། བྱིས་པ་རྣམས་ཀྱིས་བྱིས་སྒྲུང་བཀླགས་པ་བརྒྱུད་བརྩེ་བའི་གལ་ཆེན་རང་བཞིན་རྟོགས་པ་དང་། གཞན་གྱི་བརྩེ་བ་ཐོབ་པའི་དུས་མཚུངས་སུ་གཞན་ལའང་བརྩེ་བ་བྱེད་དགོས་པའི་གནས་ལུགས་རྟོགས་དགོས། འདི་ནི་བྱིས་སྒྲུང་གི་བརྗོད་གཞི་ཡིན་ལ་དམིགས་ཡུལ་དང་ནུས་པ་ཡང་ཡིན་པ་རེད།
        ངས་ནི་བྱིས་སྒྲུང་ཞེས་པ་བྱིས་པ་ཁོ་ནའི་བཀླག་བྱ་ཞིག་ཏུ་མི་འདོད། ཚིག་སྦྱོར་བདེ་མོ་དང་ནང་དོན་གོ་སླ་བ། ཁྱད་མཚར་བ་བཅས་ནི་བྱིས་སྒྲུང་གི་གོ་དོན་དུ་ལྷག་ཏུ་མི་འདོད། ཕལ་མོ་ཆེའི་སེམས་སུ་བྱིས་སྒྲུང་ཞེས་པ་ནི་བྱིས་པ་ཁོ་ནའི་བཀླག་བྱ་ཞིག་ཏུ་ངེས་ཤིང་། བྱིས་པ་ནི་ད་དུང་བློ་རིག་ཆེར་རྒྱས་མེད་པས། བྱིས་སྒྲུང་ཞེས་པ་ཚིག་སྦྱོར་བདེ་མོ་དང་ནང་དོན་གོ་སླ་བ་ཞིག་གི་ངང་ནས་སློབ་ཕྱིའི་ཀློག་དེབ་ཏུ་རུང་བའི་གཏམ་རྒྱུད་ཙམ་ཞིག་ཡིན་པར་འདོད། ངས་ནི་མི་དེ་དག་ལ་ཁྱོད་ཚོས་བྱིས་པ་ལ་མཐོང་ཆུང་བྱས་དྲགས་སོང་ཞེས་བཤད་འདོད་ཅིང་། བྱིས་སྒྲུང་ནི་སློབ་ཕྱིའི་ཀློག་དེབ་དང་རོལ་རྩེད་ཁོ་ན་ཙམ་མ་ཡིན་པར། དེ་ནི་བློ་རིག་རྒྱས་ཀྱིན་པའི་བྱིས་པ་རྣམས་ལ་མཚོན་ན་མི་ཚེའི་གོ་རིམ་ནང་དུ་སློབ་གསོ་གཏོང་སྟངས་དང་འཚར་ལོངས་འབྱུང་སྟངས་གལ་ཆེན་ཞིག་ཡིན།
        དེ་བས་བྱིས་སྒྲུང་ནི་ཁྱིམ་བདག་དང་བྱིས་པས་མཉམ་དུ་ཀློག་པའམ། ཁྱིམ་བདག་གིས་རང་གི་བྱིས་པར་བྱིས་སྒྲུང་འཆད་པ། བྱིས་པས་བྱིས་སྒྲུང་གི་ནང་དོན་ཕྱིར་ཕ་མ་དང་གྲོགས་པོ་རྣམས་ལ་འཆད་པ་སོགས་གོ་རིམ་མང་པོ་ཞིག་འདུ་བ་དང་། གོ་རིམ་དེ་དག་གི་ཁྲོད་དུ་ཁྱིམ་བདག་གམ་དགེ་རྒན་གྱིས་བྱིས་པའི་གཏམ་རྒྱུད་འཆད་པའི་ནུས་པ་དང་བསམ་གཞིག་བྱེད་པའི་ནུས་པ། དྲི་བ་འདོན་པའི་ནུས་པར་རྒྱབ་སྐྱོར་དང་སྐྱེད་སྲིང་བྱ་དགོས་པ་ཡིན། ཞར་དུ་གནོན་ཤུགས་ཀྱིས་མནར་བའི་མི་དར་མ་ཞིག་གིས་ཀྱང་རྣམ་དག་ཟོལ་མེད་ཀྱི་བྱིས་སྒྲུང་གི་འཇིག་རྟེན་ནས་དབུགས་དབྱུང་འཐོབ་ངེས་ཤིང་། རང་གི་ཐོག་མའི་བསམ་འདུན་དང་ཕུགས་བསམ་ཡང་དེ་ག་ནས་བཙལ་ཆོག་པ་ཡིན།
        བྱིས་སྒྲུང་གིས་ཆོས་ལུགས་དང་ལེགས་བཤད་བཞིན་དུ་བྱིས་པ་རྣམས་ལ་དགེ་སྡིག་གི་རྣམ་བཞག་གམ་ལེགས་ཉེས་སྤང་བླང་གི་གནས་ལུགས་ཆེན་པོ་དག་སྟོན་དགོས་པ་མ་ཡིན་པར། བྱིས་པའི་གཏམ་རྒྱུད་འཆད་པའི་ནུས་པ་དང་བསམ་གཞིག་བྱེད་པའི་ནུས་པ། དྲི་བ་འདོན་པའི་ནུས་པ་སྐྱེད་སྲིང་བྱས་པས་ཆོག་པ་ཡིན། ང་རང་སློབ་ཆུང་འགྲིམ་བཞིན་པའི་སྐབས་སུ། ཐེངས་ཤིག་ལ་ཡུན་རིང་སྒོ་ཕྱེ་མ་མྱོང་བའི་སློབ་གྲྭའི་མཛོད་ཁང་གི་སྒོ་ཕྱེ་སོང་བ་དང་། སློབ་མ་རེ་རེས་མཛོད་ཁང་དུ་བྲག་རི་བཞིན་བརྩིགས་པའི་དཔེ་ཆ་དག་ལས་དཔེ་ཆ་རེ་གཡར་ཆོག་ཟེར། ངས་ནི་ཐེངས་དེར་ལག་ཏུ་ལྗིད་ཏིག་ཏིག་ཏུ་ཡོད་པའི《མི་ལ་རས་པའི་རྣམ་མགུར》 གཡར་བ་དང་། ངས་མི་ལ་རས་པ་ཞེས་པ་སུ་ཡིན་དང་ཐ་ན་རྣམ་མགུར་ཞེས་པ་ཅི་ཞིག་ཡིན་པ་མི་རྟོགས་ནའང་། སྐབས་དེའི་ངའི་བྱིས་བློ་རུ་དཔེ་ཆ་མཐུག་པོ་ཞིག་གཡར་བ་ཡིན་ན་རྒྱལ་ཁ་བླངས་ཡོད་སྙམ། ཉིན་གཉིས་ཀྱི་རྗེས་སུ་སློབ་གྲྭ་གཞུང་ནས་སློབ་མ་ཆུང་ཆུང་དག་གིས་དཔེ་ཆ་འབོར་དོགས་ཆེ་བའི་སེམས་ཁུར་གྱིས། གཡར་སོང་བའི་དཔེ་ཆ་མཐའ་དག་ཕྱིར་བསྡུས་སོང་ལ། ངས་ད་དུང་ཕར་སློག་ཚུར་སློག་ཙམ་ལས་བྱས་མེད་པའི《མི་ལ་རས་པའི་རྣམ་མགུར》 གྱི་དཔེ་ཆ་མཐུག་པོ་དེ་ཡང་ཕྱིར་བསྡུས་སོང་། མཐར་སློབ་ཆེན་དུས་སུ་ངས《མི་ལ་རས་པའི་རྣམ་མགུར》ཐེངས་དང་པོ་བཀླགས་པ་ཡིན་ལ། མི་ལ་རས་པའི་སྐྱོ་ལ་སྡུག་པའི་མི་ཚེའི་སྟོད་ཀྱི་བྱུང་བ་དང་གོ་སླ་ཞིང་དོན་བསྡུས་པའི་མགུར་གླུ་དག་གིས་ང་ཡི་ཡིད་སེམས་དབང་མེད་དུ་བཀུག་སོང་། ད་སྔ་བར་དུ་ངས《མི་ལ་རས་པའི་རྣམ་མགུར》 ཐེངས་གསུམ་ལ་བཀླགས་མྱོང་ཞིང་། ཆེད་ལས་དང་དགའ་ཕྱོགས། སློབ་སྦྱོང་གི་དགོས་མཁོ་སོགས་གང་ཡང་མ་ཡིན་པར། ང་རང《མི་ལ་རས་པའི་རྣམ་མགུར》ལ་བརྩེ་དུངས་འདི་འདྲ་ལྡན་པ་ནི། སློབ་ཆུང་དུས་ཀྱི་དཔེ་ཆ་གཡར་ཐེངས་དེ་དང་འབྲེལ་བ་ཡོད་པ་ངས་གསལ་པོར་ཤེས།
        བྱིས་སྒྲུང་ཟེར་ན་ཕལ་མོ་ཆེས་བྱིས་པའི་སློབ་གསོ་གླེང་འོངས་ཤིང་། སློབ་གསོ་ཞེས་པའམ་གཙོ་བོ་བྱིས་པའི་སྐར་འབྲས་ཡར་བསྐྱེད་འོངས་པ་དང་རྒྱུགས་འཕྲོད་ཚད་ཇེ་མཐོར་འགྲོ་བ་ཞིག་ཏུ་སྙམ་རུང་། རྒྱའི་རྩོམ་པ་པོ་ཀྲོའི་གོ་ཕིན་གྱི་དཔེ་ཆ་རུ་སྐད་ཆ་འདི་འདྲ་ཞིག་དྲངས་འདུག་སྟེ། “སློབ་གསོ་ཞེས་པ་ནི་ཁྱོད་ཀྱིས་སློབ་ཁྲིད་སྐབས་སུ་སྦྱངས་ཟིན་པའི་ཤེས་བྱ་ཡོད་ཚད་བརྗེད་པར་གྱུར་པའི་ཤུལ་དུ་ལུས་པ་དེར་གོ”ཞེས་པ་བཞིན། སློབ་གསོ་ཞེས་པ་ནི་དོན་དམ་དུ་ཚུགས་ཐུབ་ཀྱི་མི་གཞི་དང་ཁེར་ཚུགས་ཀྱི་བསམ་བློ། མི་ཇུས་སྙིང་སྟོབས་དང་བརྩེ་བ་ལྡན་པའི་མི་གཞི་གསོ་སྐྱོང་བྱ་བ་ཞིག་ལ་གོ་བ་ཡིན།
        བྱིས་སྒྲུང་རྩོམ་པ་པོ་ཨན་ཐུའུ་ཧྲིན་ནས“བྱིས་སྒྲུང་རེ་རེའི་ལྟག་རྒྱབ་ཏུ་ཀློག་པ་པོ་དར་མ་རེ་ཡིབ་ནས་ཡོད”ཅེས་པ་བཞིན། དེ་བཞིན་དུ་བྱིས་སྒྲུང་གིས་ཀྱང་། ངས་ཆུང་དུས་སུ་སློབ་གྲྭ་ནས་གཡར་མྱོང་བའི《མི་ལ་རས་པའི་རྣམ་མགུར》ཇི་བཞིན། རྗེས་ཕྱོགས་ཀྱི་མི་ཚེའི་གོ་རིམ་ཁྲོད་དུ། རྐྱེན་ག་གེ་མོ་ཞིག་གི་དབང་གིས་ཁྱོད་ཀྱིས་བྱིས་དུས་སུ་བཀླགས་མྱོང་བའི་བྱིས་སྒྲུང་ག་གེ་མོའམ་བྱུང་རིམ་ག་གེ་མོ་དྲན་སྲིད་ཅིང་། སྐབས་དེར་ཁྱོད་ཉིད་ཀྱིས་གློ་རྡེག་ལ་བྱིས་སྒྲུང་དེའི་ཤུགས་དོན་རྟོགས་པར་གྱུར་པ་དང་གཞི་ནས་སྤྲིན་བྲལ་ཉི་ཤར་རམ་བློ་སྒོ་ཧར་གྱིས་ཕྱེ་བའི་དུས་སྐབས་རེ་ཡོད་སྲིད་ཅིང་། དུས་སྐབས་དེ་དག་ནི་ད་གཟོད་བྱིས་སྒྲུང་ཞེས་པའི་བྱིས་པའི་རྩོམ་རིག་གི་བྱེ་བྲག་ཏུ་གྱུར་པའི་རྩོམ་ལུས་འདིའི་རིན་ཐང་མངོན་དུ་གྱུར་པ་ཡིན་ལ། ཁྱོད་ཀྱང་ད་གཟོད་བྱིས་སྒྲུང་བཀླགས་མྱོང་བའི་མི་ཞིག་ཏུ་གཞི་ནས་གྱུར་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1