༄༅།།དགེ་རྒན་གྱིས་སློབ་མ་སྐྱོང་ལུགས་བཤད་པ།

ཀན་ལྷོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-09



ཀན་ལྷོ། མྱུག་ཆར།
        སློབ་མའི་སེམས་ཁམས་ལ་དོ་དམ་བྱེད་པ་ནི་སློབ་མར་དོ་དམ་བྱེད་པ་ཡིན།
        རང་རེའི་སློབ་འབྲིང་མང་པོ་ཞིག་གིས་སློབ་མའི་ཀུན་སྤྱོད་གསོ་སྦྱོང་དང་འདུ་ཤེས་ཡག་པོ་སྐྱེད་སྲིང་བྱ་རྒྱུ་དོར་ནས་སྒྲིག་ལམ་མང་པོ་ཞིག་གིས་སློབ་མའི་སེམས་ཁམས་ལ་གཏོར་བརླག་བཟོས་ཤིང་། སློབ་མར་དོ་དམ་བྱེད་པ་ནི་ཁ་གཡང་ཙམ་དང་ཕྱིའི་སྣང་ཚུལ་ཞིག་ལ་ངོས་བཟུང་བའི་བྱས་ཉེས་ཀྱིས་སློབ་མ་ཡང་དག་གི་སྒོ་ནས་སྐྱོང་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་བག་འཁུམ་དང་འགྲོ་སྟངས་མི་ཤེས་པ་ཞིག་ཏུ་གཏོང་བའང་ཡོད།འདི་ནི་སློབ་གསོའི་བྱ་བའི་ཁྲོད་ཀྱི་གནད་དོན་གཙོ་བོ་ཞིག་རེད། སྐུ་ཞབས་མ་ཡོན་གྱིས“ཁྱོད་ཀྱིས་མི་གཞན་ཞིག་འཛིན་འདོད་ན་འཛིན་མི་ཐུབ་སྟེ།མི་དེའི་ལུས་ཟིན་ནའང་སེམས་འཛིན་མི་ཐུབ་པས།རེ་འགའ་ཞིག་རང་འཐད་བྱུང་ནས་འདུག་ཏུ་འཇུག་དགོས་པ་མ་གཏོགས་བཙན་ཚུགས་བྱས་ན་སྙིང་བོ་ཅི་ཡང་མེད”ཅེས་པས་ཀྱང་འཐུས་པར་སྙམ།དགེ་རྒན་ཞིག་གིས་སློབ་མ་བཟང་པོ་ཞིག་བསྐྱངས་པ་ནི་སློབ་མར་བཙན་ཚུགས་དང་ཨུ་ཚུགས་མཐའ་འཁྱོལ་བྱས་ཏེ་ཕྱི་ཡི་སྒྲིག་ལམ་བཟུང་བ་ཙམ་མིན་པར་སློབ་མའི་ནང་སེམས་ཀྱི་འདུ་ཤེས་ལ་འགྱུར་བ་བཏང་བས་རེད།མི་སེམས་དབང་དུ་སྡུད་མཁན་དེས་གནམ་འོག་དབང་དུ་བསྡུ་བར་སླ་ཞེས་པ་ནི་གནས་ལུགས་ཀྱིས་ཕྱུག་པའི་སྐད་ཆ་ཞིག་རེད། སློབ་མའི་ནང་སེམས་ཀྱི་འདུ་ཤེས་ལ་སྨན་པའི་སློབ་གསོ་སྤྲོད་སྟངས་དེས་སློབ་མའི་ཚེ་གང་བོར་ཤུགས་རྐྱེན་ཐེབས་འགྲོ་བས། སློབ་མའི་ནང་སེམས་ལ་དོ་དམ་བྱེད་པ་ནི་སློབ་མར་དོ་དམ་བྱེད་པ་དང་གཉིས་སུ་མ་མཆིས།
        སློབ་མར་ཐབས་མཁས་ཀྱིས་སློབ་གསོ་གཏང་རྒྱུ་ནི་སློབ་གསོའི་ཡང་རྩེ་ཡིན།
        སློབ་མར་སློབ་གསོ་གཏང་རྒྱུ་ནི་གལ་ཆེ་ལ། ཐབས་མཁས་ཀྱིས་སློབ་གསོ་གཏང་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་སྙམ། སློབ་མ་རེ་ལ་རང་རང་གི་འདུ་ཤེས་དང་དགའ་ཕྱོགས། བསམ་བློ་འཛིན་སྟངས་རེ་ཡོད་པས། ལ་ལར་བསྟོད་པ་དང་ལ་ལར་སློབ་གསོ་གཏོང་བ། ལ་ལར་ལུས་ཆད་ཅུང་ཟད་རེ་གཅོད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ན་སློབ་མ་རེ་རེ་ཡར་རྒྱས་འབྱུང་བར་སྙམ།དེའི་གནད་གཙོ་བོ་ནི་དགེ་རྒན་ལ་རག་ལས་པས་དགེ་རྒན་སློབ་མར་རྒྱུས་ཡོད་ཡིན་དགོས་པར་མ་ཟད། ཤེས་རབ་ཅན་དང་ཐབས་ཤེས་ཅན་ཞིག་ཡིན་དགོས། སློབ་ཁྲིད་བྱེད་མི་ཤེས་པའི་དགེ་རྒན་ཡོད་པ་ལས་སློབ་མི་ཤེས་པའི་སློབ་མ་མེད་ཅེས་པའི་བཤད་སྲོལ་དེ་བདེན་པར་སྙམ། ང་ཚོས་སློབ་གསོ་གླེང་བ་ནས་སློབ་གསོ་སྤེལ་བ། སློབ་གསོ་སྤེལ་བ་ནས་དར་བའི་བར་དུ་སློབ་མ་མང་པོ་བསྐྱངས་ཡོད་ལ། དེའི་ཁྲོད་དུ་སློབ་གསོ་སྤྲོད་སྟངས་ནོར་འཁྲུལ་ཅན་མང་པོ་ཨུ་ཚུགས་བྱས་ཏེ་སློབ་མ་མང་པོ་བརླག་ཀྱང་ཡོད་པ་རེད། དེ་ནི་སློབ་གསོ་བྱ་བའི་ཁྲོད་ཀྱི་གྱོང་གུད་ཅིག་ཡིན་པས། དགེ་རྒན་གྱིས་སློབ་མར་རྒྱུས་ལོན་དང་དེ་དག་རེ་རེ་ལ་བསྟུན་པའི་སློབ་གསོ་སྤེལ་རྒྱུ་ནི་གལ་ཆེ་བར་སྙམ།
        སློབ་ཁྲིད་བྱེད་པར་སྤྲོ་སྣང་ལྡན་པ་དང་སྒོས་སུ་སྐད་ཆ་བཤད་པར་མཁས་དགོས།
        ལས་ཀ་གང་ལའང་སྤྲོ་སྣང་ལྡན་རྒྱུ་ནི་གལ་ཆེན་ཞིག་ཡིན་ལ།སྤྲོ་སྣང་མེད་པར་གྱུར་ཚེ་ཟས་ཀྱི་ཡི་ག་ཆད་འགྲོ་བ་ནང་བཞིན་ལས་མ་འདས། སློབ་གྲྭའི་སློབ་གསོའི་བྱ་བའི་ཁྲོད་དུ་དགེ་རྒན་དང་སློབ་མ། སློབ་དེབ་གསུམ་ནི་གཅིག་ལ་གཅིག་བརྟེན་ཡིན་པས་དགེ་རྒན་ནི་སྨན་པ་དང་སློབ་མ་ནི་ནད་པ། སློབ་དེབ་ནི་སྨན་ལྟ་བུ་ཡིན་ལ། སྨན་པ་བཟང་པོ་ཞིག་གིས་ད་གཟོད་ནད་པ་སྐྱོབ་ཐུབ་པ་དང་། སྨན་ཇི་ལྟར་འཐུང་ཚུལ་ཤེས་པ་རེད། དེ་བཞིན་དགེ་རྒན་གྱིས་སློབ་མར་ལམ་ཡང་དག་པ་ཞིག་སྟོན་ཐུབ་པ་དང་དཔེ་ཆ་གང་ལ་བལྟ་དགོས་པ་ངོ་སྤྲོད་བྱེད་ཤེས་དགོས། དེ་ལ་སྤྱིར་བཏང་གི་སྐད་ཆ་དང་བསྐྱར་ཟློས་ཀྱི་སྐད་ཆ་འབའ་ཞིག་གིས་རྔོ་མི་ཐོགས་པས། སློབ་མའི་ཡིད་ཀྱི་དང་བ་འདྲེན་ནུས་པའི་སྐད་ཆ་དང་སློབ་མའི་བློ་སེམས་འདྲེན་ནུས་པའི་རྣམ་འགྱུར་ཞིག་ཡོད་དགོས། དེ་ལྟར་མིན་ན་སློབ་མ་སློབ་ཁྲིད་དང་དགེ་རྒན་ལ་མི་དགའ་བ་དང་ལྷག་དོན་སྦྱང་ཚན་དེ་ལ་མི་དགའ་བའི་ཉེན་ཚབས་འབྱུང་སྲིད་པས། འདི་ནི་ཅི་འདྲའི་གཙོ་གནད་ཅིག་རེད་ཨང་།
        དགེ་རྒན་ནི་སློབ་མའི་ཀུན་སྤྱོད་ཀྱི་ཚད་ཤིང་ཡིན་པས་རང་ལ་དོ་དམ་བྱེད་དགོས།
        དགེ་རྒན་ནི་སློབ་མ་ཕྱོགས་ཡོངས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་མཁན་དང་སློབ་མའི་ལུས་སེམས་གཉིས་ལ་དོ་དམ་བྱེད་མཁན་ཡིན་པས།ཡོན་ཏན་དང་ཀུན་སྤྱོད་འཛོམས་པོ་ཞིག་ཡོད་ན་སློབ་མ་ཡང་རང་ཤུགས་ཀྱིས་ཡར་རྒྱས་འབྱུང་བར་སྙམ།དགེ་རྒན་མང་པོ་ཞིག་གིས་རྒྱན་འཇོག་པ་དང་ཆང་འཐུང་བ་སོགས་བྱེད་ལུགས་ཚུལ་དང་མི་མཐུན་པ་མང་པོས་སློབ་གསོའི་བྱ་བའི་ཁྲོད་དུ་རྫོབ་ལུད་སྤུང་བཞིན་ཡོད།རང་མགོ་མི་ཐོན་པ་ཞིག་གིས་སློབ་མ་དག་ལ་ཅི་ཡང་བྱེད་མི་ཆོག་པའི་ཁ་བརྡ་དང་སློབ་གསོ་གཏོང་བ་ནི་དགོད་བྲོ་བའི་གནས་ཤིག་ཏུ་མཐོང་། དེ་བས་དགེ་རྒན་གྱི་ཀུན་སྤྱོད་ཡག་དགོས་པ་དང་སློབ་མས་དགེ་རྒན་ལ་བསྟེན་ནས་རང་གི་ཀུན་སྤྱོད་དང་འགྲོ་འདུག ཡོན་ཏན་སོགས་སློབ་དགོས་ཕྱིར་དགེ་རྒན་ཚད་ལྡན་ཞིག་བྱེད་རྒྱུ་ནི་གལ་ཆེ་བར་མཐོང་།དེ་ལྟར་མིན་ན་དགེ་རྒན་ནི་སློབ་གསོའི་ཉེས་ཅན་དང་མི་རིགས་ཀྱི་ཉེས་ཅན། རྒྱུ་འབྲས་ཀྱི་ཉེས་ཅན་ཡང་ཡིན་པར་སྙམ།
        དགེ་རྒན་ལ་འགན་འཁྲིའི་བསམ་བློ་ཡོད་དགོས།
        དགེ་རྒན་ནི་སློབ་གསོའི་བྱ་བ་གཉེར་མཁན་ཡིན་པས་སློབ་གསོའི་བྱ་བར་འགན་འཁུར་དགོས་པ་རེད། སློབ་གསོ་ནི་ཤེས་རིག་གོང་དུ་སྤེལ་ཐབས་སམ། གོ་རྟོགས་མཐོ་རུ་གཏོང་བའི་སྟོབས་ཤུགས་ཤིག་ཡིན་པས། དེ་ལ་ཡང་དག་གིས་འགན་མ་ཁུར་ན་སྟོབས་ཤུགས་ཉམས་དམས་སུ་འགྲོ་བ་རེད། དུས་ལྟར་བྱ་བ་ཕྲན་ཚེགས་ཀུན་ལ་དོ་སྣང་བྱས་ཏེ་རང་གི་འགན་འཁྲི་ཡག་པོ་ཞིག་བསྒྲུབ་རྒྱུ་ནི་སློབ་གསོའི་དགོས་གལ་ཆེན་པོ་ཞིག་ཡིན། དེ་ལྟར་མིན་པར་རྒྱ་ཡན་ངང་ཟླ་ཕོགས་ལེན་ཐབས་ཙམ་དང་ཉི་མ་འཁྱོལ་ཐབས་ཙམ་གྱིས་སློབ་གསོའི་བྱ་གཞག་རླབས་པོ་ཆེ་འགྲུབ་ཐབས་མེད་ལ། ཚད་ལྡན་གྱི་སློབ་མ་ཡང་སྐྱོང་ཐབས་མེད་པས་འགན་འཁྲིའི་འདུ་ཤེས་ནི་གལ་ཆེ་བར་མཐོང་།
        སློབ་མར་འགྲོགས་འདྲིས་དང་རྒྱུས་ལོན་བྱེད་པ་ནི་སློབ་གསོ་ཞིག་ཡིན།
        སློབ་གྲྭའི་སློབ་གསོ་ཡི་ཁྲོད་དུ་དགེ་རྒན་ནི་ནམ་ཡང་བཀའ་འབེབས་མཁན་དང་སློབ་མ་ནི་ལགས་སོ་ཟེར་མཁན་འབའ་ཞིག་ལ་ངོས་བཟུང་ན་དེ་ནི་ནོར་འཁྲུལ་ཞིག་རེད།སློབ་མར་དགའ་ཞེན་དང་འགྲོགས་འདྲིས་བྱས་ཏེ་གྲོགས་པོ་ལྟ་བུའི་འདུ་ཤེས་བཟུང་ན་སློབ་མའི་བསམ་ཚུལ་དང་འདོད་བློ་སོགས་རྟོགས་ཐུབ་པ་དང་།སློབ་མའི་དཀའ་ཁག་དང་གནད་དོན་ཡང་སེལ་ཐུབ་པ་ཡིན།སློབ་མ་མང་པོ་ཞིག་གིས་དགེ་རྒན་ནི་འཇིགས་ཉམས་ཅན་ཞིག་ལ་ངོས་བཟུང་བའི་བྱས་ཉེས་ཀྱིས་མ་ཤེས་པ་དག་རང་སོར་བཞག་ནས་མཐར་ནམ་ཡང་མི་ཤེས་པ་ཞིག་ཏུ་གྱུར་པ་རེད། སློབ་མར་འགྲོགས་འདྲིས་མེད་པའི་དགེ་རྒན་ལ་ཡོན་ཏན་ཅི་འདྲ་འཛོམས་རུང་སློབ་མར་ཕན་ཐོགས་ཆུང་ལ། སློབ་མའི་དགོས་འདོད་དང་ཉེས་སྐྱོན་སོགས་ཅི་ཡང་མི་ཤེས་པས་སློབ་མར་འགྲོགས་འདྲིས་དང་རྒྱུས་ལོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
        སློབ་མའི་བསམ་ཚུལ་ལ་ཉན་པ་དང་མཚར་སྣང་ལ་མཐོང་ཆེན་བྱེད་དགོས།
        ང་ཚོའི་མི་རེ་རེ་ཡིས་བྱ་དངོས་ཤིག་ལ་བཟུང་བའི་ལྟ་ཚུལ་མི་གཅིག་པས་འཇིག་རྟེན་དུ་འདི་ནི་བདེན་ནོ་ཞེས་ཡང་དག་པའི་ལན་ཞིག་མེད་པར་སྙམ། དེ་བས་སློབ་གྲྭའི་དགེ་རྒན་དག་གིས་སློབ་མའི་བསམ་ཚུལ་ལ་ཉན་པ་དང་དང་ལེན་བྱ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད།སློབ་མ་རེ་རེ་ལ་བསམ་ཚུལ་རེ་རེ་དང་བསམ་ཚུལ་རེ་རེ་ལ་དྲན་ཕྱོགས་རེ་རེ།དྲན་ཕྱོགས་རེ་རེ་ལ་མཚར་སྣང་རེ་རེ་ཡོད་པས།དེས་སློབ་མའི་བསམ་གཞིག་གི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ།
        སློབ་མར་དགའ་ཞེན་དང་ཕྱོགས་རིས་མེད་ན་ཡར་རྒྱས་སུ་འགྲོ་ཐུབ།
        སློབ་གྲྭ་རུ་སློབ་མ་མང་ལ། དེའི་ཁྲོད་དུ་བློ་རིག་ཅན་དང་བློ་རྟུལ་ཅན།རྩེད་རིགས་ལ་འཇོན་མཁན་དང་མི་འཇོན་མཁན།པྲ་ཆལ་དང་གཉོམ་ཆུང་། འབྱོར་ཅན་དང་འབྱོར་མེད་སོགས་ཡོད། དགེ་རྒན་ཚོས་སློབ་སྦྱོང་རྩེ་གྲ་དང་ཡ་རབས་རྣམས་ལ་ལྷག་ཏུ་ཐུགས་ཁུར་བྱེད་པ་དང་སློབ་སྦྱོང་ལ་མི་བཟང་བ་དང་མ་རབས་དག་ལ་རྦད་དེ་ཁ་ཡ་མི་བྱེད་པ་ནི་གནད་དོན་ཞིག་རེད། སློབ་མ་སོ་སོའི་འཇོན་ནུས་མི་གཅིག་པས་ལ་ལ་རྩེད་རིགས་ལ་མཁས་པ་དང་ལ་ལ་གཏམ་བཤད་ལ་མཁས་པ། ལ་ལ་རི་མོ་དང་ལ་ལ་རྩོམ་ཡིག་འབྲི་བར་མཁས་པ་སོགས་སོ་སོར་རང་རང་གི་ཁྱད་ཆོས་རེ་ཡོད་པས། དགེ་རྒན་གྱིས་སློབ་མ་རེ་རེར་ཐུགས་ཁུར་བྱས་ཏེ་ཐུན་མོང་གིས་ཡར་རྒྱས་འགྲོ་བར་སྐུལ་འདེད་དང་ཐུན་མོང་གི་དྲོད་ཁོལ་ཚོར་དུ་འཇུག་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1