༄༅།།གནད་ཁེལ་དབུལ་སྐྱོར་ངོས་ནས་མདོ་སྨད་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་དཔྱད་པ།

བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-10



—མགོ་ལོག་དང་ཀན་ལྷོ་འབྲོག་ཁུལ་གྱི་མཉམ་ལས་ཁང་ལ་དངོས་བཅར་བརྟག་དཔྱད་བྱས་པ་གཞིར་བཟུང་བ།

བཀྲ་ཤིས།
[ནང་དོན་གནད་བསྡུས།] 2013ལོ་ནས་མདོ་སྨད་འབྲོག་ཁུལ་དུ་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་ལེན་དུ་བསྟར་བ་དང་། ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ནི་ཐོན་ལས་དབུལ་སྐྱོར་དང་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་ཤིང་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་རེད། དཔྱད་རྩོམ་འདི་ནི་སྔ་རྗེས་སུ་མགོ་ལོག་ཁུལ་དང་ཀན་ལྷོ་ཁུལ་གྱི་ཡུལ་དངོས་སུ་སོང་སྟེ་རྨ་ཆེན་རྫོང་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་རྫ་དམར་མཉམ་སྒྲུབ་ཚོང་སྡེ་དང་། རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་རྐྱང་ཆད་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། རྨ་ཆུ་རྫོང་དངུལ་རྭ་ཡུལ་ཚོའི་ཁྱུང་རྩེ་དངུལ་རྭའི་ལུག་གསོ་སྤེལ་མཉམ་ལས་ཁང་སོགས་གཙོ་བྱས་པའི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་མང་པོར་བརྟག་དཔྱད་བྱས་པ་གཞིར་བཟུང་སྟེ། དེའི་ཁ་གྲངས་དང་རིགས། གཉེར་བྱ། རྒྱུགས་ཆེ་བའི་དཔེ་དབྱིབས་སམ་བྱེད་ཐབས། འཁོར་སྐྱོད་སྒྲིག་འཛུགས། མ་རྩའི་སྒྲིག་འཛུགས། རྩ་འཛུགས་ཀྱི་སྒྲིག་འཛུགས། བདག་སྐྱོང་གི་སྒྲིག་འཛུགས། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གནད་དོན་བཅས་ལ་དབྱེ་ཞིབ་དང་འབྲེལ་འཕེལ་རྒྱས་སུ་གཏོང་ཐབས་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།]  མདོ་སྨད། འབྲོག་ཁུལ། ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས། འཕེལ་རྒྱས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]  F127
[ཡིག་ཚང་མཚོན་བྱང་།]  A
[རྩོམ་གྱི་གོ་རིམ་ཨང་སྐྲིག] 1002-9060-2019-04-0012-17
          ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ནི་ཀྲུང་གོར་ཡོད་པའི་དམིགས་བསལ་གྱི་མིང་ཞིག་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་བམ་རྒྱལ་སྤྱིར་“མཉམ་ལས་ཁང་”ཞེས་པ་དེ་ཡིན། མདོ་སྨད་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཞེས་པ་ལས་“མདོ་སྨད་”ནི་མཚོ་སྔོན་གྱི་ཁམས་ཡུལ་ཤུལ་ཕུད་པའི་བོད་ཁུལ་གཞན་དང་ཀན་སུའུ་ཡི་ཀན་ལྷོ་ཁུལ། དཔའ་རིས་རྫོང་། སི་ཁྲོན་རྔ་བ་ཁུལ་གྱི་བོད་ཁུལ་དག་ལ་གོ་དགོས། “འབྲོག་ཁུལ་”ཞེས་པ་མདོ་སྨད་བྱིངས་ཀྱི་རོང་ཁུལ་མ་ཡིན་པ་དག་ལ་གོ །“ཆེད་གཉེར་”ཞེས་པ་ནི་ཐོན་རྫས་སམ་ལས་གང་ཞིག་ཆེད་ལས་ནང་བཞིན་གཉེར་བར་བྱ་ཞིང་། དཔལ་འབྱོར་གྱི་རྩ་འཛུགས་ལས་རིག་གནས་སམ་ཆབ་སྲིད་ཀྱི་རྩ་འཛུགས་མིན་པ་ཞིག་གོ།
          འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ནི་འབྲོག་ཁུལ་གྱི་ཞིང་འབྲོག་ལས་གཉེར་པ་དག་གིས་ཁྱིམ་ཚང་གི་འགན་གཙང་ལེན་བདག་དམ་ལམ་ལུགས་ཀྱི་རྨང་གཞིའི་སྟེང་ནས་ཐུན་མོང་གི་ཁེ་ཕན་སླད་དུ་རང་འཐད་དང་རང་སྐྱོང་། འདྲ་མཉམ། དམངས་གཙོ། བདག་གཞན་གཉིས་ཕན་སོགས་ཀྱི་རྩ་དོན་གཞིར་བཟུང་སྟེ་ཞབས་ཞུའམ་ཐོན་རྫས་གང་རུང་ཆེད་དུ་བཟུང་བའི་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་ཤིག་ལ་བྱའོ། །
          2007ལོའི་ཟླ་7པའི་ཚེས་1ཉིན་《ཞིང་པའི་ཆེད་གཉེར་མཉམ་ལས་ཁང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ལག་བསྟར་བྱས་པ་ནས་བཟུང་། བོད་ཁུལ་དུ་རྒྱལ་ཁབ་ཀྱིས་སྒྲུབ་པའམ་མི་འཇོན་ལྡན་རེ་གཉིས་ཀྱིས་འགོ་ཁྲིད་ནས་སྒྲུབ་པ། ཐེབས་རྩ་ཚོགས་པས་རོགས་རམ་བྱས་ཏེ་སྒྲུབ་པ་སོགས་རོང་འབྲོག་གང་རུང་གི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་མགོ་འབུས། 2013ལོ་ནས་མདོ་སྨད་འབྲོག་ཁུལ་དུ་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་དང་དབུལ་སྐྱོར་དམིགས་ཡུལ་ལ་བཟུང་སྟེ་མཉམ་ལས་ཁང་འཛུགས་པའི་མཐོ་རླབས་འཕྱུར། དེ་བས་མདོ་སྨད་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་དཔྱད་པ་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རླབས་ཆེན་ཏེ་གནད་ཁེལ་དབུལ་སྐྱོར་དང་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བར་དགོས་པ་གལ་ཆེན་ལྡན་ནོ། །
          དང་པོ། མགོ་ལོག་དང་ཀན་ལྷོའི་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་ཀྱི་གནས་བབ་དང་བྱེད་ཐབས་གཙོ་བོ།   
          གཅིག  མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་སྟེ་ཤར་གྱི་གཞུང་ཐིག་97°54-120°50དང་འཕྲེད་ཐིག་བང་མའི་32°31 -35°40ན་ཡོད། དེའི་ཤར་ཕྱོགས་ཀན་སུའུ་ཀན་ལྷོ་དང་། ལྷོ་ཕྱོགས་སི་ཁྲོན་རྔ་བ་དང་དཀར་མཛེས། ནུབ་ཕྱོགས་མཚོ་སྔོན་ཡུལ་ཤུལ། བྱང་ཕྱོགས་མཚོ་སྔོན་མཚོ་ནུབ་དང་། མཚོ་ལྷོ། རྨ་ལྷོ་བཅས་དང་འབྲེལ་ཡོད།  ས་ཁྱོན་སྤྱི་ལེ་གྲུ་བཞི་མ་76312ཡོད་ཅིང་མཚོ་སྔོན་ཞིང་ཆེན་སྤྱིའི་ས་ཁྱོན་གྱི་10%ལྷག་ཟིན། མགོ་ལོག་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་འབྲོག་ལས་ཐོན་སྐྱེད་ཀྱི་ས་ཁུལ་གཙོ་བོ་ཡིན་ཞིང་།  མངའ་ཁོངས་སུ་རྨ་ཆེན་རྫོང་དང་། པདྨ་རྫོང་།  དགའ་བདེ་རྫོང་། དར་ལག་རྫོང་། གཅིག་སྒྲིལ་རྫོང་། རྨ་སྟོད་རྫོང་བཅས་རྫོང་དྲུག་དང་། ཡུལ་ཚོ་དང་གྲོང་རྡལ་44 སྡེ་དམངས་ཨུ་ཡོན་ཚོགས་པ་182 དུད་ཁྱིམ་ཁྲི་2.846 མི་གྲངས་ཁྲི་18.56བཅས་ཡོད།  རྩྭ་ས་མུའུ་ཁྲི་8860བཅས་ཡོད་པན། ས་རྒྱ་ཆེ་ལ་མི་གྲངས་ཉུང་ཞིང་། ས་བབ་མཐོ་ལ་རྩྭ་ཐང་གི་ཁོད་ཡངས་པ། ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་གོ།
          2018ལོའི་ལོ་མཇུག་གི་བསྡོམས་རྩིས་ལྟར་ན། མགོ་ལོག་ཁུལ་དུ་ཆེད་གཉེར་མཉམ་ལས་ཁང་421དང་། ཕྱུགས་ཟོག་གསོ་སྤེལ་མཉམ་ལས་ཁང་212ཡོད། ཐོག་མའི་དུས་སུ་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་ཕལ་ཆེ་བ་སྲིད་གཞུང་གི་རོགས་སྐྱོར་འོག་བཙུགས་ཤིང་། དབྱར་རྩྭ་དགུན་འབུའི་མཉམ་ལས་ཁང་དང་ཕྱུགས་ཟོག་གསོ་སྤེལ། འབྲོག་ལས་ཐོན་རྫས་ཕྱིར་འཚོང་ངམ་མཉམ་སྒྲུབ་ཚོང་སྡེ་དག་ནི་འཇོན་ལྡན་མི་སྣས་སྣེ་ཁྲིད་པ་ལ་བརྟེན་ནས་བཙུགས་པ་དང་།  རྒྱལ་ཁབ་ཕྱི་ནང་གི་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་ཏེ་བསྒྲུབས་པའང་ཁ་ཤས་མཆིས།  ཐོ་འགོད་བགྱི་ས་ནི་ཁུལ་དང་རྫོང་རིམ་པའི་བཟོ་ཚོང་ཅུའུ་འམ་དམངས་སྲིད་ཅུའུ།  ཡང་ན་ཞིང་ལས་སྡེ་ཁག་བཅས་ཡིན་ལ། མཉམ་ལས་ཁང་ཕལ་ཆེར་བཟོ་ཚོང་ཅུའུ་རུ་ཐོ་འགོད་བྱས་ཡོད། དེའི་ཁྲོད་ནས་ཐོ་འགོད་བྱས་ཡོད་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་དང་འབྲོག་ལས་ཐོན་རྫས་ཕྱིར་འཚོང་ངམ་མཉམ་སྒྲུབ་ཚོང་སྡེ་ཚང་མར་《སྒྲིག་ཡིག་》སོགས་འབྲེལ་ཡོད་ལམ་ལུགས་ཏེ་ཚོགས་མིའི་འཐུས་མི་ཚོགས་ཆེན། ལས་འཛིན་ཚོགས་པ། ལྟ་རྟོག་ཚོགས་པའི་ལམ་ལུགས་དང་ནོར་དོན་དོ་དམ་ལམ་ལུགས་སོགས་བཙུགས་ཡོད་ལ། ངེས་གཏན་ཀྱི་ས་གནས་དང་། མིང་བྱང་། སྒྲིག་ཡིག་རྩིས་ཐོ། བྱ་བྱེད་ཚོགས་པ་བཅས་ལྔ་པོ་ལྡན། དབྱར་རྩྭ་དགུན་འབུ་དང་ཕྱུགས་ཟོག་གསོ་སྤེལ་མཉམ་ལས་ཁང་རེ་གཉིས་ལ་དེ་ལྔ་ལས་ནང་དོན་རེ་གཉིས་མ་ཚང་བའང་ཡོད།
རེའུ་མིག་དང་པོ། མགོ་ལོག་ཁུལ་གྱི་མཉམ་ལས་ཁང་གི་བསྡོམས་རྩིས།

          གྲངས་ཀའི་ཁུངས། མགོ་ལོག་ཁུལ་བཟོ་ཚོང་ཅུའུ་ཡིས་མཁོ་སྤྲོད་བྱས།
          གོང་གསལ་གྲངས་ཀ་དག་ལས།  མགོ་ལོག་གི་འབྲོག་ཁུལ་ནི་ད་དུང་རང་བྱུང་དཔལ་འབྱོར་གྱི་རྣམ་པར་གནས་ཤིང་། ཐོན་ལས་གཞི་རྒྱ་ཆུང་ཞིང་རྣམ་པ་ཆིག་རྐྱང་ཅན། འཕྲུལ་ཆས་སོགས་བཀོལ་སྤྱོད་ཉུང་བ། རང་བྱུང་ཐོན་རྫས་ལས་སྣོན་དང་གསོག་ཉར་སོགས་མེད་པའི་ཁྱད་རྟགས་མངོན། མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་ནི་མགོ་ལོག་གི་གཙོ་རྒྱུགས་སམ་སྲིད་གཞུང་གིས་སྐུལ་འདེད་བགྱིད་བཞིན་པའི་མཉམ་ལས་ཁང་གི་རིགས་ཡིན།
          བྱེད་ཐབས་གཙོ་བོའི་ཆ་ནས།  l.ཕྱུགས་ཟོག་དང་རྩྭ་ས། དམངས་སྒོར་སོགས་འོས་མཐུན་སྒོས་མ་རྐང་དུ་བླངས་ཏེ་མ་རྐང་ལུགས་ཀྱི་མཉམ་ལས་ཁང་འཛུགས་པ།
          མཉམ་ལས་ཁང་མ་བཙུགས་སྔོན་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱིས་གྲོས་བསྡུར་བརྒྱུད་ནས་མཉམ་ལས་ཁང་གི་ལམ་ལུགས་སྣ་ཚོགས་གཏན་འབེབས་དང་འཐུས་ཚང་བཟོས་པ་དང་། སྡེ་དམངས་མང་ཤོས་མོས་མཐུན་བྱུང་རྗེས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཤིང་། ཕྱུགས་འཚོ་ཚན་ཁག་དང་།  ནོར་ལུག་ཚོ་གསོ་ཚན་ཁག ངལ་རྩོལ་པ་ཕྱི་རུ་ཞོར་ལས་སུ་སྐྱེལ་བའི་ཚན་ཁག  གླ་གཏོང་རླངས་འཁོར་ཚན་ཁག་སོགས་ཐོན་སྐྱེད་འགན་ནུས་མི་འདྲ་བའི་སྡེ་ཁག་སྣ་ཚོགས་བཙུགས་ཐོག  མི་རེ་རེར་འགན་ཁུར་བགོས་ནས་ངལ་རྩོལ་པའི་ལས་ཆོད་ཇེ་ལེགས་སུ་བཏང་། མཉམ་ལས་ཁང་རེ་གཉིས་ཀྱིས་དབུལ་ཕྱུག་གི་བར་ཁྱད་ཆུང་དུ་གཏོང་ཆེད།  ཁྱིམ་ཚང་གི་རྩྭ་ས་དང་ཕྱུགས་ཟོག་དང་ཐོག་འགན་གཙང་ལེན་བྱེད་ལོའི་རིན་གོང་ལྟར་དང་།  སྐབས་དེའི་མི་རེའི་ལུག་དང་ནོར་གྱི་ཚད་ལྡན་གཏན་འཁེལ་ལྟར་མ་རྐང་དུ་བླངས།  ཕྱུགས་ཟོག་མེད་པ་དང་ཕྱུགས་ཟོག་ཉུང་བའི་ཚོགས་མིའི་མ་རྐང་གི་གྲངས་ཀ་ཇེ་མཐོར་གཏོང་ཆེད།  མ་དངུལ་གྱིས་ཕྱུགས་ཟོག་ཉོ་བའམ་ཕྱུགས་ཟོག་མང་བའི་ཁྱིམ་ཚང་གིས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མ་རྐང་ཚོད་འཛིན་དང་མ་རྐང་དོ་མཉམ་ཡོང་བར་བྱས།   
          2.རྩྭ་ས་དང་ཕྱུགས་ཁྱུའི་སྒྲིག་གཞི་ཆེད་ལས་ཅན་དུ་ཕྱོགས་པ། རྩྭ་སའི་ཆགས་ཚད་ལྟར་ཕྱུགས་ཟོག་གི་གྲངས་ཀར་ཚད་བཟུང་སྟེ་སྐྱེ་ཁམས་སྲུང་བ། ཕྱུགས་ཁྱུ་ལེགས་སྒྲིག་དང་རྩྭ་ས་བསྐྱར་དུ་བགོས་ཏེ་སྔོན་ཆད་ཀྱི་གྲངས་ཀ་མང་ཞིང་སྣ་འཛོམས་པའི་ཕྱུགས་ཁྱུའི་སྒྲིག་གཞི་དཔལ་འབྱོར་ཅན་གྱི་ཕྱོགས་སུ་སྙོམས་སྒྲིག་བྱས་པ་སྟེ། ཕྱུགས་ལ་མོ་ཕྱུགས་ཀྱི་ཁྱུ་དང་། སོན་ཕྱུགས་ཀྱི་ཁྱུ། ཐོན་སྐྱེད་མི་བྱེད་པའི་ཕྱུགས་ཁྱུ་བཅས་སུ་བཀར་ནས་ཕྱུགས་ཟོག་གི་འཕེལ་ཚད་ཇེ་ལེགས་དང་མོ་ཕྱུགས་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་གིན་ཡོད། ཁུལ་དང་རྫོང་རིམ་པའི་ཕྱུགས་ཟོག་གི་ཆེད་མཁས་པ་གདན་དྲངས་ཏེ། དབར་དགུན་སྟོན་དཔྱིད་ཀྱི་རྩྭ་སར་ཚད་འཇལ་དང་། དགུན་དཔྱིད་ཀྱི་རྩྭ་སའི་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ལ། དེ་བསྟུན་གྱིས་ཕྱུགས་ཟོག་ཇེ་ཉུང་དང་ཕྱུགས་ཟོག་གི་ཁ་གྲངས་ལེགས་སྒྲིག་བྱས་ཏེ་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་གཏོང་གི་ཡོད།
          3.ཚོང་གཉེར་རྣམ་པ་མང་པོ་སྤྱད་ནས་ཡོང་སྒོའི་འབྱུང་ལམ་རྒྱ་བསྐྱེད་པ། ནོར་ལུག་ཚོ་གསོ་ཐབས་ཀྱིས་ནོར་ལུག་གི་ཐོན་སྐྱེད་དུས་ཡུན་ཇེ་ཐུང་དང་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་ཞིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་ལས་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ངལ་རྩོལ་ནུས་ཤུགས་ལས་རིགས་གཞན་པའི་ཁྱབ་ཁོངས་སུ་བསྒྱུར་ཏེ་ཡོང་སྒོ་འཕར་སྣོན་གཏོང་གི་ཡོད། འབྲོག་པ་རང་སྟེང་གི་ཁྱད་ཆོས་ལྟར་ལས་བགོ་བྱས་པ་དང་། ངལ་རྩོལ་པ་འོས་མཐུན་སྒོས་ལས་གནས་མི་འདྲ་བར་བཀོད་སྒྲིག་འོས་འཚམ་བྱེད་ཀྱིན་ཡོད། ཕྱུགས་འཚོ་བའི་རྫི་བོ་དང་། མཉམ་ལས་ཁང་གི་རླངས་འཁོར་འཇོག་ས་བདག་གཉེར་མཁན། ཁོར་ཡུག་གཙང་སྦྲ་བྱེད་མཁན། གླ་གཏོང་རླངས་འཁོར་དང་ཞིང་ལས་འཕྲུལ་འཁོར་བདག་གཉེར་མཁན། རྫོང་མཁར་དུ་ཚོང་ཁང་གཉེར་མཁན། ནོར་ལུག་ཚོ་གསོ་མཁན། ཁེ་ལས་ལས་བཟོ་མཁན།  འཕྲུལ་རྟ་ཞིག་གསོ་མཁན། ཞབས་ཞུ་བ་སོགས་ལས་རིགས་སྣ་མང་དང་ངལ་རྩོལ་ནུས་ཤུགས་གང་ལ་གང་འཕྲོད་ཀྱིས་ཕན་ནུས་ལྡན་པའི་ངང་ནས་ལས་བགོ་བྱེད་པ་དང་། མ་དངུལ་བསྐྱིས་ཏེ་གྲོང་ཁྱེར་རམ་མི་མང་འདུས་སྡོད་བྱེད་སར་ཁང་པ་དང་ར་སྐོར་སོགས་ཉོས་ཤིང་ཕྱི་ལ་གླ་བའམ་མཉམ་ལས་ཁང་གི་གཞུང་ལས་ཁང་བྱས། མི་རིགས་ཀྱི་ཐོན་རྫས་ལས་སྣོན་བྱེད་ས་དང་། མགྲོན་ཁང་། ཚོང་ཁང་སོགས་གཉེར་ཏེ་ཐོན་ལས་གསུམ་པར་བརྟེན་ནས་ཡོང་སྒོ་འཕར་སྣོན་དང་ངལ་རྩོལ་པ་ལྷག་མའི་ལས་ཀའི་གནད་དོན་ཐག་གཅོད་ཀྱིན་ཡོད།
          གཉིས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཀྱི་གཅིག་ཡིན་ལ་མདོ་དབུས་མཐོ་སྒང་གི་བྱང་ཤར་ཏེ་ཀན་སུའུ་ཡི་ལྷོ་རྒྱུད་དུ་ཡོད། དེའི་ལྷོ་ཕྱོགས་སི་ཁྲོན་རྔ་བ་ཁུལ་དང་། ལྷོ་ནུབ་མཚོ་སྔོན་རྨ་ལྷོ་དང་མགོ་ལོག ཤར་དང་བྱང་ནི་ཀན་སུའུ་ལུང་ནན་དང་། ཏིང་ཞི། ཀ་ཅུ་བཅས་དང་འབྲེལ། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དེ་མདོ་དབུས་མཐོ་སྒང་གི་“ཀྲུང་ཧྭའི་ཆུ་མཛོད་”ཀྱི་གནས་གཞི་གཙོ་བོ་ཞིག་ཡིན། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་4.5དང་།  མི་འབོར་ཁྲི་68.01 རོང་འབྲོག་པ་ཁྲི་55བཅས་ཡོད།
ཀན་ལྷོའི་མངའ་ཁོངས་སུ་རྫོང་རིམ་པའི་གྲོང་ཁྱེར་གཅིག་སྟེ་གཙོས་གྲོང་ཁྱེར་དང་། བ་ཙེ། ཅོ་ནེ། འབྲུག་ཆུ། ཐེ་བོ། རྨ་ཆུ། ཀླུ་ཆུ། བསང་ཆུ་བཅས་རྫོང་བདུན་དང་། ཡུལ་ཚོ་དང་གྲོང་རྡལ་99 སྡེ་དམངས་ཨུ་ཡོན་ལྷན་ཁང་664 སྡེ་དམངས་རུ་ཆུང་2960 མི་གྲངས་74.23བཅས་ཡོད། གྲོང་སྡེའི་དཔལ་འབྱོར་ནི་ཞིང་ལས་དང་། ཕྱུགས་ལས། ཞིང་ཕྱུགས་གཉིས་ལྡན་བཅས་རིགས་གསུམ་ཡིན།  ཞིང་འབྲོག་ཁྱིམ་ཚང་ཁྲི་ll.1དང་ཞིང་འབྲོག་པ་ཁྲི་54.56ཡོད། ཁུལ་ཡོངས་ལ་རྩྭ་ས་མུའུ་ཁྲི་4084.88ཡོད་པ་དེས་ཁུལ་ཡོངས་ཀྱི་ས་རྒྱའི་70.28%ཟིན།  དེའི་ཁྲོད་དུ་གཙོས་གྲོང་ཁྱེར་ལ་རྩྭ་ས་མུའུ་ཁྲི་260.60ཡོད་པ་དེས་6.38%ཟིན། བ་ཙེ་ལ་རྩྭ་ས་མུའུ་ཁྲི་123.16ཡོད་པ་དེས་3.02% ཅོ་ནེ་ལ་རྩྭ་ས་མུའུ་ཁྲི་498.50ཡོད་པ་དེས་12.2%ཟིན།  འབྲུག་ཆུར་མུའུ་ཁྲི་128.13ཡོད་པ་དེས་3.14%ཟིན། ཐེ་བོར་མུའུ་ཁྲི་227.34ཡོད་པ་དེས་5.57%ཟིན། ཀླུ་ཆུར་རྩྭ་ས་མུའུ་ཁྲི་741.20ཡོད་པ་དེས་18.14%ཟིན། རྨ་ཆུར་རྩྭ་ས་མུའུ་ཁྲི་1365.93ཡོད་པ་དེས་33.44%ཟིན།
          2018ལོའི་ལོ་མཇུག་གི་བསྡོམས་རྩིས་ལྟར་ན། ཀན་ལྷོ་ཁུལ་དུ་བཟོ་ཚོང་ལས་ཁུངས་སུ་ཐོ་འགོད་བྱས་ཡོད་པའི་ཞིང་འབྲོག་ལས་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་5421ཡོད་ཅིང་། ཐོ་འགོད་མ་དངུལ་སྒོར་ཁྲི་940213.56དང་། ཚོགས་མི་64332ལ་སོན། ཞིང་འབྲོག་དུད་ཁྱིམ་ཁྲི་5ལྷག་གིས་སྣེ་ཁྲིད་ཅིང་། དེའི་ཁྲོད་ན་འཇོན་ལྡན་མི་སྒེར་གྱིས་འགོ་ཁྲིད་ནས་བསྒྲུབས་པ་ཆེས་མང་ཞིང་དེས་མཉམ་ལས་ཁང་གི་99%ཟིན། ཁེ་གཉེར་ལས་ཁུངས་ཀྱིས་འགོ་ཁྲིད་ནས་བསྒྲུབས་པ་34ཡོད་པ་དེས་0.06%དང་། སྡེ་བའི་ཀྲི་པུའུ་ཡིས་འགོ་ཁྲིད་ནས་བསྒྲུབས་པ་གཅིག་ལས་མེད། ཞིང་ལས་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་བཙུགས་པ་ཡིས་0.5%ཟིན།①
          ཚད་ལྡན་ཡིན་མིན་གྱི་ཐད་ནས་60%ཡན་གྱི་མཉམ་ལས་ཁང་ཅུང་ཚད་ལྡན་ཡིན་ལ། 《སྒྲིག་ཡིག་》སོགས་འབྲེལ་ཡོད་ལམ་ལུགས་ཏེ་ཚོགས་མིའི་འཐུས་མི་ཚོགས་ཆེན། ལས་འཛིན་ཚོགས་པ། ལྟ་རྟོག་ཚོགས་པའི་ལམ་ལུགས་དང་ནོར་དོན་དོ་དམ་ལམ་ལུགས་སོགས་ཡོད་ཅིང་། ངེས་གཏན་ཀྱི་ས་གནས་དང་། མིང་བྱང་། སྒྲིག་ཡིག རྩིས་ཐོ། བྱ་བྱེད་ཚོགས་པ་བཅས་ལྔ་ལྡན་ཡིན།  རྨ་ཆུ་རྫོང་དང་།  ཀླུ་ཆུ་རྫོང་། བསང་ཆུ་རྫོང་གི་འབྲོག་ཁུལ་གྱི་འབྲོག་པའི་ཆེད་གཉེར་མཉམ་ལས་ཁང་ཕལ་ཆེ་བའི་གཉེར་བྱ་ནི་ནོར་ལུག་གསོ་སྤེལ་ཡིན་ལ། ཅོ་ནེ་རྫོང་དང་གཙོས་གྲོང་ཁྱེར་གྱི་འབྲོག་ཁུལ་ཁ་ཤས་ཀྱི་མཉམ་ལས་ཁང་གི་གཉེར་བྱ་ནི་འོ་མ་ཐོན་སྐྱེད་ཡིན། རྨ་ཆུ་རྫོང་རྨ་ཁུག་རྟ་ར་རུ་རྟ་ཐོན་སྐྱེད་ཀྱི་མཉམ་ལས་ཁང་ཡང་དུ་མ་ཡོད།
          ཀན་ལྷོ་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་ལས་རྨ་ཆུ་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་གཅིག་པུ་ཡིན་ལ། ཁུལ་ཡོངས་ཀྱི་འབྲོག་ལས་ཀྱི་གཙོ་ཤུགས་ཀྱང་ཡིན།  2018ལོའི་ལོ་མཇུག་གི་བསྡོམས་རྩིས་ལྟར་ན། རྨ་ཆུ་རྫོང་དུ་རིགས་མི་འདྲ་བའི་འབྲོག་ལས་ཆེད་གཉེར་མཉམ་ལས་ཁང་59lཡོད་པ་དང་། ཐོ་འགོད་མ་དངུལ་དམངས་སྒོར་དུང་ཕྱུར་1.85ལ་སོན། ཚོགས་མི་6098དང་། ཉེ་འཁོར་འབྲོག་ཁྱིམ་1960དང་འབྲོག་པ་13100ཡིས་སྣེ་ཁྲིད་ཡོད། དེས་རྫོང་ཡོངས་ཀྱི་འབྲོག་པའི་མི་གྲངས་ཀྱི་23.04%ཟིན་ཏོ །②
རེའུ་མིག་གཉིས་པ། ཀན་ལྷོ་ཁུལ་གྱི་མཉམ་ལས་ཁང་གི་བསྡོམས་རྩིས།

          གྲངས་ཀའི་ཁུངས། ཀན་སུའུ་ཞིང་ཆེན་ཞིང་འབྲོག་ཐིང་ཞིང་ལས་དཔལ་འབྱོར་ཁྲུའུ།
          གོང་གསལ་གྲངས་ཀ་དག་ལས་རྟོགས་ཐུབ་པ་ནི། ཀན་ལྷོ་ཁུལ་དེང་རབས་ཅན་དང་བཟོ་ལས་ཅན་དུ་འགྱུར་ཚད་དམའ་ཞིང་། མཉམ་ལས་ཁང་གི་གཉེར་བྱ་སྣ་ཉུང་བ་དང་། ཐོན་ལས་གྱི་རྒྱུན་གྲུབ་མེད་པ། ཕྱིར་འཚོང་དང་ཁྱབ་བསྒྲགས། ལས་སྣོན་སོགས་རིན་ཐང་འཕར་ཚད་མཐོ་བའི་ཁྱབ་ཁོངས་མ་སྟོང་ཙམ་དུ་གནས་ལ། རོང་ཁུལ་ལས་འབྲོག་ཁུལ་ནི་དེ་བས་ཀྱང་ངོ་། །ས་ཁུལ་གྱི་ཆ་ནས་ཞིང་ལས་ས་ཁུལ་དེ་འབྲོག་ལས་ས་ཁུལ་ལས་མཉམ་ལས་ཁང་དར་སྔ་བ་དང་། ལྟོས་བཅས་སུ་ཆུ་ཚད་མཐོ་བ་དང་གྲངས་མང་། གཉིས་པ་ནི་རོང་འབྲོག་ཟུང་ལྡན་ས་ཁུལ་དང་།  གསུམ་པ་ནི་འབྲོག་ལས་ས་ཁུལ་ཡིན།
          བྱེད་ཐབས་གཙོ་བོའི་ཆ་ནས་བརྗོད་ན།  2009ལོ་ནས་ཀན་ལྷོ་ཁུལ་གྱིས་“ཞིང་འབྲོག་ཕན་ཚུན་ཁ་གསབ་ལག་ལེན་དུ་བསྟར་བ་དང་ཁྱད་ཆོས་གཅིག་དང་ཅན་བཞི་སྐུལ་འདེད། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱལ་གཏོང་བའི་(“实施农牧互补,推进一特四化,发展高原特色生态畜牧业产业”)ལས་གཞི་2009ལོ་ནས་2015ལོའི་བར་དུ་སྤེལ་བའི་འཆར་གཞི་བཀོད་ཅིང་། 2015ལོའི་བར་དུ་ཆེད་གཉེར་གསོ་སྤེལ་ས་ཁུལ་88དང་དུད་ཁྱིམ་མཉམ་སྡེབ་ཀྱི་ཕྱུགས་ར་800 ཆེད་གཉེར་གསོ་སྤེལ་དུད་ཁྱིམ་ཁྲི་6.99ཆེད་གཉེར་རང་བཞིན་གྱི་གསོ་སྤེལ་གྱིས་60%ཟིན་རྒྱུ་དང་། སྐྱེ་འཕེལ་ནུས་པའི་འབྲི་ཁྲི་93དང་མ་མོ་ཁྲི་160ལོང་བར་བྱ་བ་དང་། སྐྱེ་འཕེལ་ནུས་པའི་མོ་ཕྱུགས་ཀྱིས་60%ནས་70%ཟིན་པ། ཕྱིར་བཙོང་བའི་ནོར་ནག་གི་གྲངས་ཀ་ཁྲི་54དང་ལུག་ཁྲི་138ལོན་པ། འོ་མ་ཐོན་སྐྱེད་བྱེད་པའི་བ་དང་མཛོ་མོ་ཁྲི་l5ལོན་ཞིང་དེ་བསྟུན་གྱི་འདེབས་རྩྭའི་ར་བ་དང་དྲོད་ཁང་། ཤའི་ཐོན་སྐྱེད་གྲངས་འབོར་སོགས་ཆེད་ལས་ཅན་དུ་བཀོད་སྒྲིག་བཅས་གཏན་ལ་ཕབ་ཡོད་ཅིང་། ཐོན་ལས་ཅན་གྱི་ཁེ་གཉེར་ཚད་གཞི་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཚད་གཞི། ལག་རྩལ་ཅན་གྱི་གསོ་སྐྱོང་ཚད་གཞི་རབ་དང་རིམ་པ་ཞིག་གཏན་འཁེལ་བྱས་ཏེ་ལག་ལེན་དུ་བསྟར་བཞིན་ཡོད། ཆེད་ལས་རང་བཞིན་གྱི་བཀོད་སྒྲིག་ལ་རྣམ་པའི་ཆ་ནས་ཆེད་གཉེར་ཕྱུགས་ཟོག་གསོ་སྤེལ་དུད་ཁྱིམ་(专业养殖户)དང་།  མཉམ་སྡེབ་ཕྱུགས་ར་(联户牧场)གསོ་སྤེལ་ས་ཁུལ།(养殖小区) ཆེད་གཉེར་རྩྭ་འདེབས་དུད་ཁྱིམ་(专业种草户)བཅས་བཞི་ཡོད་ལ། ནང་དོན་གྱི་ཆ་ནས་ནོར་ནག་གསོ་སྤེལ། ནོར་ནག་ཚོ་གསོ། བོད་ལུག་གསོ་སྤེལ་དང་ཚོ་གསོ། འོ་མ་ཐོན་སྐྱེད། རྟ་ཐོན་སྐྱེད། ཕག་གསོ་སྤེལ་སོགས་ཡོད་ཅིང་། དེ་དག་ཀྱང་ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྫོང་དང་ཡུལ་ཚོ་སོ་སོར་ལས་བགོ་བྱས་ཡོད། རྨ་ཆུ་རྫོང་དང་། ཀླུ་ཆུ་རྫོང་། བསང་ཆུ་རྫོང་། ཅོ་ནེ་རྫོང་། གཙོས་གྲོང་ཁྱེར་བཅས་ཀྱི་འབྲོག་ས་ནས་ནོར་དང་ལུག་གསོ་སྤེལ་ཆེད་དུ་གཉེར་ཞིང་། ཐེ་བོ་དང་།  འབྲུག་ཆུ། བ་ཙེ་སོགས་རོང་ས་ནས་ཚོ་གསོ་གཙོ་བོར་གཉེར་བ། བ་ཙེ་དང་འབྲུག་ཆུ་ནས་ཕག་ཆེད་དུ་གཉེར་བ། རྨ་ཆུའི་རྨ་ཁུག་རྟ་ར་ནས་རྟ་གཙོ་བོར་གཉེར་བ། འབྲོག་ས་ནས་ཕྱུགས་ཟོག་ཐོན་སྐྱེད་དང་རོང་ས་ནས་གཟན་རྩྭ་ཐོན་སྐྱེད་བྱས་ཏེ་ཕན་ཚུན་གཞོགས་འདེགས་ཚུལ་གྱིས་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ལས་གོང་སྤེལ་དང་དམངས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་ཐབས་བྱེད་ཀྱི་ཡོད།
          དེའི་བྱེད་ཐབས་ནི་“རོང་འབྲོག་ཕན་ཚུན་ཁ་གསབ་”སྟེ། རོང་ས་ནས་རྩྭ་བཏབ་སྟེ་འབྲོག་སར་ཕྱུགས་ཟོག་གསོ་བྱེད་དུ་འདྲེན་པའམ་དགུན་དཔྱིད་ལ་འབྲོག་སའི་ཕྱུགས་ཟོག་ཚུར་རོང་སར་དྲངས་ཏེ་ཚོ་གསོ་བྱས་ནས་གཅིག་གི་ལེགས་ཆ་སྤྱད་དེ་གཅིག་གི་ཞན་ཆ་གསབ་པ་དང་། “ཅན་བཞི་དང་ཁྱད་ཆོས་གཅིག་”སྟེ། ཁུལ་གྱིས་སྤྱིའི་ཆ་ནས་ས་ཁུལ་སོ་སོའི་ཁྱད་ཆོས་གཞིར་བཟུང་ནས་གཉེར་བར་ཆེད་ལས་ཅན་གྱི་བཀོད་སྒྲིག་བྱེད་ཅིང་། སྟོབས་ཤུགས་འཛོམས་པའི་ཁེ་ལས་པ་གསོ་སྐྱོང་བྱས་ཏེ་ཐོན་ལས་ཅན་གྱི་ཁེ་གཉེར་བྱེད་པ། ལྗང་མདོག་དང་སྐྱེ་ལྡན། ཚད་གཞི་ངེས་ཅན་ལ་སོན་པ་སོགས་རྫས་འགྱུར་གྱི་གནོད་པ་བྲལ་བའི་ཚད་ལྡན་གྱི་ཐོན་སྐྱེད་དར་སྤེལ་དང་ཐོན་རྫས་ལ་སྐྱེ་ལྡན་ནམ་ལྗང་མདོག་སོགས་ངོས་འཛིན་བྱེད་པ། ནུས་རྩལ་རང་བཞིན་གྱི་གསོ་སྐྱོང་སྟེ། རོང་འབྲོག་ཁུལ་ན་ལས་ཀ་མེད་པར་ལྷག་ཡོད་པའི་ངལ་རྩོལ་ནུས་ཤུགས་ལ་བློ་དང་མོས་པར་བསྟུན་པའི་ནུས་རྩལ་གསོ་སྐྱོང་བྱས་ཏེ་གྲོང་ཁྱེར་དུ་གླ་བྱེད་དུ་འགྲོ་བའམ་རང་ས་ནས་ཐོན་ལས་གསུམ་པ་གཉེར་དུ་བཅུག་སྟེ་ཡོང་སྒོ་འཚོལ་བ་བཅས་སོ། །
          དོན་དངོས་སུ། འབྲོག་ཁུལ་གྱི་རྩྭ་ས་འགན་གཙང་ལེན་ཁེ་གཉེར་འགན་འཁྲིའི་ལམ་ལུགས་ནི་རྩྭ་ས་འགན་གཙང་ལེན་གྱིས་ཁྱིམ་ཚང་རེ་རེར་མི་གྲངས་ལྟར་བགོ་བ་དང་། རྩྭ་སའི་མ་རྐང་གི་ཁེ་གཉེར་འགན་འཁྲིའི་ལམ་ལུགས་ནི་རྩྭ་ས་མ་རྐང་གི་རྣམ་པས་ཁྱིམ་ཚང་རེ་རེར་མི་གྲངས་ལྟར་བགོ་བ་ཡིན། སྔོན་མ་ནི་དངོས་པོའི་རྣམ་པ་དང་རྗེས་མ་ནི་རིན་ཐང་གི་རྣམ་པས་ལག་བསྟར་བྱེད་པ་ཡིན།
          མགོ་ལོག་དང་ཀན་ལྷོ་འབྲོག་ཁུལ་དུ་ཕྱུགས་ཟོག་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་དང་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་། ཉོ་སྒྲུབ་དང་ཕྱིར་འཚོང་ཆེད་གཉེར་མཉམ་ལས་ཁང་བཅས་རིགས་གསུམ་ཡོད་ལ།  རྒྱུགས་ཆེ་བ་ནི་མ་རྐང་ལུགས་སམ་མ་རྐང་མཉམ་འབྲེལ་ལུགས་ཀྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཡིན་ནོ། །
          གཉིས་པ། མགོ་ལོག་དང་ཀན་ལྷོའི་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་དཔེ་མཚོན།
          གཅིག  མགོ་ལོག་རྨ་ཆེན་རྫོང་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་རྫ་དམར་མཉམ་སྒྲུབ་ཚོང་སྡེ། གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་རྫ་དམར་མཉམ་སྒྲུབ་ཚོང་སྡེ་ནི་མགོ་ལོག་ར་རྒྱའི་གྲྭ་པ་འཇིགས་མེད་རྒྱལ་མཚན་གྱིས་འགོ་ཁྲིད་ཅིང་ཚོགས་མི་རང་གིས་མ་རྐང་བསྡུས་ནས་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་བཙུགས། ཐོག་མའི་མ་དངུལ་སྒོར་ཁྲི་1000ལྷག་ཡོད།  མཐུན་ཚོགས+མཉམ་འབྲེལ་ཚོང་སྡེ+འབྲོག་ཁྱིམ་ཅན་གྱི་སུམ་འབྲེལ་གྱི་རྣམ་པ་ཞིག་ཡིན། མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ་ད་བར་དུ་མཉམ་སྒྲུབ་ཚོང་སྡེ་9བཙུགས་ཡོད་ཅིང་། མཉམ་སྒྲུབ་ཚོང་སྡེའམ་མཉམ་ལས་ཁང་གིས་ལྷན་དུ་ཐོན་རྫས་ཉོ་སྒྲུབ་དང་ས་གནས་གཞན་དུ་འཚོང་བ། རྫོང་དང་ཁུལ་ཐོག་ཏུ་ཚོང་ཁང་དང་མགྲོན་ཁང་སོགས་གཉེར་ཏེ་ཡོང་སྒོ་འཚོལ་བ་དང་དེ་ནས་ཚོགས་མི་ཚོར་མ་རྐང་ནང་བཞིན་40%དང་། ཉོ་ཚོང་གྲངས་འབོར་ནང་བཞིན་60%བྱས་ཏེ་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། མགོ་ལོག་གི་རྫོང་དང་ཡུལ་ཚོ་སོ་སོ་ནས་སྡེབ་ཚོང་ཁང་དང་འཕྲུལ་རྟ་ཞིག་གསོ་ཁང་གཉིར་བ་དང་། རིན་གོང་ཡུལ་དེའི་ཆ་སྙོམས་རིན་གོང་ལས་དམའ་བ་བྱས་ཏེ་མཉམ་ལས་ཁང་ནང་དུ་ཚོགས་མིར་ཞབས་ཞུ་ཙམ་མ་ཟད་ཕྱི་ཡི་འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་ལའང་དམིགས་པས་སྤྱི་ཕན་རང་བཞིན་ཤུགས་ཆེའོ། །③
          གཉིས། རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་རྐྱང་ཆད་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་རྐྱང་ཆད་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་ཐོན་ཁུངས་གཅིག་ཏུ་སྡུད་པ་དང་། ཁེ་གཉེར་གཞི་རྒྱ་ཅན་དུ་གཏོང་བ། ས་ཁུལ་བཀར་ཏེ་ཕྱུགས་འཚོ་བ། རྩྭ་སའི་ཆགས་ཚད་བཞིན་ཕྱུགས་གྲངས་ཚོད་འཛིན་པའི་འཕེལ་རྒྱས་འདུ་ཤེས་ཀྱིས་རྩྭ་སའི་འགན་གཙང་ལེན་ཁེ་གཉེར་དབང་ཆ་དང་སྒོ་ཕྱུགས་ཀྱི་བདག་དབང་མི་འགྱུར་བའི་ཆ་རྐྱེན་འོག རྩྭ་ས་དང་སྒོ་ཕྱུགས་མ་རྐང་དུ་བཞག་སྟེ་བཙུགས་ཤིང་། ཚོགས་མི་འབྲོག་ཁྱིམ་58ཡོད། ནོར་དོན་སྡེ་ཁག་དང་ཐོན་སྐྱེད་སྡེ་ཁག ཕྱིར་འཚོང་སྡེ་ཁག  ཞོར་ལས་སྡེ་ཁག ཞབས་ཞུའི་སྡེ་ཁག་བཅས་སྡེ་ཁག་ལྔ་བཙུགས་ཡོད། ཐོན་སྐྱེད་སྡེ་ཁག་གི་ཁོངས་སུ་སོན་ཕྱུགས་དོ་དམ་ཚོ་ཆུང་དང་། རྫི་བོའི་ཚོ་ཆུང་། ཕྱུགས་ནད་འགོག་སྲུང་ཚོ་ཆུང་། ཚོ་གསོའི་ཚོ་ཆུང་། གཟན་ཆས་དོ་དམ་ཚོ་ཆུང་བཅས་ཚོ་ཆུང་ལྔ་ཡོད། མཉམ་ལས་ཁང་གི་ཁོངས་སུ་མ་རྐང་ཚོ་ཆུང་ཞིག་བཙུགས་ཡོད་ལ། མཉམ་ལས་ཁང་གིས་གཙོ་བོ་སྐྱེ་ཁམས་ཕྱུགས་ལས་གཉེར་ཞིང་མ་རྐང་ཚོ་ཆུང་གིས་གཙོ་བོ་ཁེ་གཉེར་སྣ་ཚོགས་གཉེར་བཞིན་ཡོད། མཉམ་ལས་ཁང་གིས་གོང་དུ་ཨུ་ཡོན་ལྷན་ཁང་གཉིས་དང་འོག་ཏུ་མ་རྐང་ཚོ་ཆུང་དང་འབྲོག་ཁྱིམ་ལ་འབྲེལ་ནས་འབྲོག་ཁྱིམ་བར་དང་། འབྲོག་ཁྱིམ་དང་མ་རྐང་ཚོ་ཆུང་བར་གྱི་འགལ་བ་སྡུམ་པ་དང་མ་རྐང་ཚོ་ཆུང་ལ་སོན་ཕྱུགས་ལེགས་སྒྱུར་དང་གཟན་རྩྭ་ཉར་ཚགས། ཐོན་སྐྱེད་ཕྱིར་འཚོང་སོགས་སྐོར་གྱི་དོ་དམ་ཞབས་ཞུ་སྒྲུབ་ཀྱིན་ཡོད།
          ཁྱིམ་ཚང་རེས་སྒོར་32000རེ་མ་རྐང་དུ་བཞག་ནས་“ནོར་བུ་དགོས་འདོད་དཔུང་འཇོམས་”ཞེས་པའི་ཚོང་རྟགས་ཐོ་འགོད་བྱས་ཏེ་མར་ཐུམ་རྒྱག་པ་དང་བོད་ལྭ་བཟོ་བ། ཞིང་ཕྱུགས་ཐོན་རྫས་ལས་་སྣོན་སོགས་བྱེད་མཁན་ངལ་རྩོལ་པ་28ལ་ལས་ཀ་བཀོད་སྒྲིག་བྱས། 2018ལོའི་ཟླ་6པའི་ཟླ་མཇུག་བར་འོ་མ་སྤྱི་རྒྱ་7500ཉོས་པ་དང་། མར་སྤྱི་རྒྱ་800ལས་སྣོན་བྱས། བོད་ལྭ་200བཟོས། ཡོང་སྒོ་རྐྱང་པ་སྒོར་ཁྲི་20ལྷག་བསྐྲུན། ཁེ་སྤོགས་ལས་70%ནི་ཚོགས་མིར་བགོ་བའི་མ་དངུལ་དང་25%ནི་མཉམ་ལས་ཁང་གི་གཞུང་སྒྲུབ་འགྲོ་སོང་དུ་ལེན་པ། 5%ནི་འཕེལ་རྒྱས་སྤྱི་གསོག་མ་དངུལ་དུ་འཇོག་པ་ཡིན། ངལ་རྩོལ་ལྟར་གླ་ཆ་སྤྲོད་པ་དང་། མ་རྐང་ལྟར་ཁེ་སྤོགས་བགོ་ཡི་ཡོད། མིག་སྔར་མ་དངུལ་སྒོར་ཁྲི་100བཏང་ནས་སྡོམ་ཁོག་འབྲུ་སྣུམ་ས་ཚིགས་ཀྱི་ས་དང་ཁང་པ་ཉོས་ཏེ་འབྲི་དམར་དང་ཞོ། ཆུར་བ་བཅས་ཀྱི་ཐོན་སྐྱེད་གཞི་ཁྱོན་སྔར་ལས་ཇེ་ཆེར་གཏོང་རྒྱུའི་འཆར་གཞི་ཡོད།④
          གསུམ། རྨ་ཆུ་རྫོང་དངུལ་རྭ་གོང་མ་ཡུལ་ཚོའི་ཁྱུང་རྩེ་དངུལ་རྭའི་ལུག་གསོ་སྤེལ་མཉམ་ལས་ཁང་། ཁྱུང་རྩེ་དངུལ་རྭའི་ལུག་གསོ་སྤེལ་མཉམ་ལས་ཁང་ནི་རྔ་མོང་སྡེ་བའི་སྡེ་དཔོན་སྒྲོལ་མ་སྐྱབས་ཀྱིས་འགོ་ཁྲིད་དེ་2011ལོའི་ཟླ་8པར་རྨ་ཆུ་རྫོང་དངུལ་རྭ་ཡུལ་ཚོ་གོང་མ་རྔ་མོང་སྡེ་བའི་རུ་ཆུང་ལྔ་པ་རུ་བཙུགས། ཚོགས་པར་དུད་ཁྱིམ་l0ཡོད་ཅིང་། ཁྱིམ་ཚང་རེ་ནས་མ་དངུལ་དམངས་སྒོར་ཁྲི་25རེ་མ་རྐང་རེ་བྱས་ནས་བསྡོམས་པས་དམངས་སྒོར་ཁྲི་250ཐོག་མའི་མ་དངུལ་དུ་བསྡུས། ལུག་ར་དང་། གཟན་རྩྭ་ཉར་ཚགས་ཁང་། དྲོད་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཆེད་ལས་ཀྱི་ཕྱུགས་ཀྱི་སྨན་པ་དང་རྩིས་གཉེར་པ་གདན་དྲངས་ཐོག མཉམ་ལས་ཁང་གི་སྒྲིག་ཡིག་དང་ཚོགས་འདུའི་ཟིན་ཐོ། རྩིས་གཉེར་དོ་དམ་ལམ་ལུགས་བཅས་འབྲེལ་ཡོད་ཡིག་ཆ་དག་ཆ་ཚང་བའི་སྒོ་ནས་རྨ་ཆུ་རྫོང་བཟོ་ཚོང་ཅུའུ་རུ་ཐོ་འགོད་བྱས།  གཉེར་བྱ་གཙོ་བོ་ནི་ལུག་རྒྱུད་གསོ་སྤེལ་ཡིན་ལ། མོ་ལུག་ལ་དངུལ་རྭའི་ལུག་དང་ཁྲོམ་དུ་མཚོ་སྔོན་རྨ་ལྷོ་སོག་རྫོང་ནས་རི་དྭགས་གཉན་གྱི་རྒྱུད་ཐོག་མ་རེར་སྒོར་ཁྲི་ཡས་མས་བྱིན་ཏེ་ཉོས་ནས་ལུག་རྒྱུད་ལེགས་བཅོས་བྱེད་ཀྱིན་ཡོད། ད་དུང་སྲིད་གཞུང་ལ་མཉམ་ལས་ཁང་སྐོར་གྱི་ལས་གཞིའི་མ་དངུལ་དང་དངུལ་རྩའི་ལས་ཁུངས་ལ་དངུལ་བུན་རེ་ཞུ་བྱས་ཏེ་ཐོན་སྐྱེད་རྒྱ་སྐྱེད་གཏོང་གི་ཡོད། ཡོང་སྒོ་གཙོ་བོ་ནི་གཞུང་ཕྱོགས་ཀྱི་གཟིགས་སྐྱོང་དང་ལུག་ཕྱིར་བཙོངས་པའི་རིན་ཡིན་ལ་ཡོང་སྒོ་ནས་མང་ཤས་ངལ་རྩོལ་དང་མ་རྐང་གི་གྲངས་འབོར་ལྟར་ཚོགས་མིར་བགོ་བ་དང་། ཉུང་ཤས་དེ་མཉམ་ལས་ཁང་གི་འགྲོ་སོང་དང་ལས་གཞི་རྒྱ་སྐྱེད་པར་གཏོང་གི་ཡོད། མཉམ་ལས་ཁང་དེ་ནི་མ་རྐང་མཉམ་འབྲེལ་ལུགས་ཀྱི་མཉམ་ལས་ཁང་ཞིག་ཡིན་ཞིང་ཚོགས་མི་ཕན་ཚུན་གྱི་འབྲེལ་བ་ཧ་ཅང་དམ། རྩྭ་ས་མཉམ་སྤྱོད་ཀྱིས་ལུག་འཚོ་སྐྱོང་དང་ཕྱིར་འཚོང་། ལུག་རྒྱུད་ལེགས་བཅོས་བཅས་བྱེད་ཀྱིན་ཡོད་ལ། དེ་ནི་ཀན་ལྷོ་དང་མགོ་ལོག་འབྲོག་ཁུལ་གྱི་ཕྱུགས་ཟོག་གསོ་སྤེལ་དང་འོ་མ་ཐོན་སྐྱེད་ཀྱི་མཉམ་ལས་ཁང་མང་ཆེ་བའི་ཐུན་མོང་གི་དཔེ་དབྱིབས་ཤིག་ཀྱང་ཡིན། མཉམ་ལས་ཁང་ནི་བར་པའི་རྣམ་པ་ཅན་ཞིག་མ་ཡིན་པར་མ་དངུལ་འཇོག་མཁན་གྱིས་ཁ་ལོ་སྒྱུར་བའི་ཁེ་ལས་ཀུང་སིའི་རྣམ་པ་ཅན་ཞིག་ཡིན།
          གོང་གསལ་དཔེ་མཚོན་གྱི་མཉམ་ལས་ཁང་གསུམ་ལས་དང་པོ་ནི་འོག་ནས་གོང་དུ་འཕེལ་བའི་རིམ་པ་ཅན་ཏེ་མང་ཚོགས་རང་ངོས་ནས་བཙུགས་པ་དང་།  གཉིས་པ་དང་གསུམ་པ་ནི་གོང་ནས་འོག་ཏུ་འཕེལ་བའི་རིམ་པ་ཅན་ཏེ་སྲིད་གཞུང་གིས་ས་གནས་ཀྱི་གནས་ཚུལ་བཞིན་དར་སྤེལ་གཏོང་བའི་རིགས་སོ། །
          གསུམ་པ། མགོ་ལོག་དང་ཀན་ལྷོའི་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འཁོར་སྐྱོད་སྒྲིག་འཛུགས།
          གཅིག  མ་དངུལ་གྱི་སྒྲིག་འཛུགས།  ཀན་ལྷོ་དང་མགོ་ལོག་འབྲོག་ཁུལ་གྱི་མཉམ་ལས་ཁང་ཕལ་ཆེ་བ་ནི་མ་རྐང་མཉམ་འབྲེལ་ལུགས་ཀྱི་མཉམ་ལས་ཁང་ཡིན་ལ། ཀན་ལྷོ་འབྲོག་ཁུལ་དུ་མཉམ་ལས་ཁང་ཐོག་མར་འཛུགས་སྐབས་ཁྱིམ་ཚང་རེ་ཚོགས་མི་རེ་བྱས་ཤིང་།  དམངས་སྒོར་ངེས་ཅན་ནམ་ནོར་ལུག་དང་རྩྭ་ས་འོས་མཐུན་གྱིས་དམངས་སྒོར་དུ་ཕབ་སྟེ་མ་རྐང་དུ་བཞག་ཐོག་དམངས་སྒོར་ཚད་ངེས་ཅན་རེ་མ་རྐང་གཅིག་རེ་བྱས།  དཔེར་ན།  རྨ་ཆུ་རྫོང་དངུལ་རྭ་གོང་མ་ཡུལ་ཚོ་ཁྱུང་རྩེ་དངུལ་རྭའི་ལུག་གསོ་སྤེལ་མཉམ་ལས་ཁང་ལྟ་བུར་མཚོན་ན། དུད་ཁྱིམ་རེས་དམངས་སྒོར་ཁྲི་25རེ་བསྡུས་ཏེ་གཅིག་གྱུར་གྱིས་ལུག་ཉོ་བ་དང་། ལུག་ར་ལས་པ།  ཆེད་ལས་ཀྱི་ཕྱུགས་ཀྱི་སྨན་པ་དང་རྩིས་གཉེར་པ་གདན་འདྲེན་པ།  དྲོད་ཁང་དང་གཟན་རྩྭ་འཇོག་ས་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་གཞུང་སར་ཐོ་རུ་བཀོད་ཅིང་འཁོར་སྐྱོད་བྱས་རྗེས།  ཡུལ་ཚོ་དང་རྫོང་།  ཁུལ་སོགས་གོང་རིམ་སྲིད་གཞུང་ལ་ལས་གཞིའི་མ་དངུལ་རེ་ཞུ་དང་དངུལ་རྩའི་ལས་ཁུངས་ལས་དངུལ་བུན་བླངས་ཏེ་འཁོར་སྐྱོད་དང་ལས་གཉིར་གྱི་གཞི་རྒྱ་སྐྱེད་པ་དང་།  ལོ་རེའི་ཁེ་སྤོགས་ལས་ཉུང་ཙམ་རེ་མཉམ་ལས་ཁང་གི་གསོག་དངུལ་ལམ་འགྲོ་སོང་དུ་འཐེན་གྱིན་ཡོད།  འོན་ཀྱང་རྩྭ་ས་བསྲེས་ཏེ་ཕྱུགས་འཚོ་བ་ལས་མ་རྐང་དུ་བརྩི་ཡི་མེད།  དེ་ནི་ཀན་ལྷོ་འབྲོག་ཁུལ་གྱི་འབྲོག་ལས་མཉམ་ལས་ཁང་གི་སྒྲུབ་ཕྱོགས་སམ་མ་དངུལ་བསྡུ་སྟངས་ཀྱི་དཔེ་མཚོན་ཡིན་ལ། མཉམ་ལས་ཁང་རེ་གཉིས་མ་གཏོགས་ཚང་མ་དེ་འདྲ་ཡིན། ཆེད་གཉེར་གསོ་སྤེལ་དུད་ཁྱིམ་གྱིས་ནི་དང་ཐོག་རང་ཁྱིམ་ཚང་གཅིག་པུས་ཆེད་གཉེར་གྱི་ལུག་གམ་ནོར་མ་གཏོགས་གཞན་པའི་སྒོ་ཕྱུགས་རེ་གཉིས་ལས་ཚང་མ་བཙོངས་ཏེ་མཉམ་ལས་ཁང་བཙུགས་རྗེས་གཞུང་ཕྱོགས་ཀྱི་ལས་གཞིར་རེ་འདུན་ཞུ་བཞིན་ཡོད། མཚོསྔོན་མགོ་ལོག་ཏུ་དང་ཐོག་འཛུགས་དུས་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་ལ་རྒྱལ་ཁབ་ཀྱིས་མ་དངུལ་གྱི་རོགས་སྐྱོར་ངེས་ཅན་ཞིག་སྟེར་གྱིན་ཡོད་ཅིང་།  དེ་ནས་ཁྱིམ་ཚང་རང་སྒེར་གྱི་རྩྭ་ས་དང་ཕྱུགས་ཟོག  དམངས་སྒོར་སོགས་མ་རྐང་དུ་འཇོག་གིན་ཡོད།  དེ་ལྟར་བཙུགས་ནས་འགྲུབ་རྗེས་གོང་རིམ་སྲིད་གཞུང་ལ་ལས་གཞི་འདྲ་མིན་གྱི་མ་དངུལ་སློང་བའམ་དངུལ་རྩའི་ལས་ཁུངས་ལས་སྐྱི་བ་དང་མཉམ་ལས་ཁང་གི་ལོ་རེའི་ཁེ་སྤོགས་ནས་ཉུང་ཙམ་རེ་འཁོར་སྐྱོད་མ་དངུལ་དུ་འཇོག་གིན་ཡོད། ཕྱུགས་ཟོག་གསོ་སྤེལ་གྱི་མ་དངུལ་བསྡུ་སྟངས་ནི་ཀན་ལྷོ་དང་འདྲ། ཕྱིར་འཚོང་མཉམ་ལས་ཁང་དང་མཉམ་སྒྲུབ་ཚོང་སྡེ་ལ་རྒྱལ་ཁབ་ཕྱི་ནང་གི་ཐེབས་རྩ་ཚོགས་པ་དང་སྒེར་གྱིས་དམངས་སྒོར་གྱི་རྣམ་པས་མ་དངུལ་དང་མ་རྐང་འཇོག་པ།  ལོ་རེའི་ཁེ་སྤོགས་ལས་ཉུང་ཙམ་རེ་མ་དངུལ་དུ་འཇོག་པ་བཅས་བྱེད་ཀྱིན་ཡོད། དབྱར་རྩྭ་དགུན་འབུའི་མཉམ་ལས་ཁང་ལ་ནི་ཚོགས་མིས་དམངས་སྒོར་ངེས་ཅན་རེ་མ་རྐང་དུ་འདོན་པ་དང་མཉམ་འབྲེལ་ཚོང་རོགས་ཀྱིས་དམངས་སྒོར་ངེས་ཅན་རེ་སྐྱི་བའམ་མ་རྐང་དུ་འདོན་བཞིན་ཡོད།
          གཉིས། རྩ་འཛུགས་ཀྱི་སྒྲིག་འཛུགས། མགོ་ལོག་དང་ཀན་ལྷོའི་མཉམ་ལས་ཁང་ཕལ་ཆེ་བར་ལས་འཛིན་ཚོགས་པ་དང་ལྟ་རྟོག་ཚོགས་པ། ཚོགས་མིའི་འཐུས་ཚབ་ཚོགས་པ་བཅས་ཚང་ལ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཙོ་བྱས་པའི་མཉམ་ལས་ཁང་ཆེ་ཁག་དག་གི་མངའ་འོག་ཏུ་ད་དུང་ནོར་དོན་སྡེ་ཁག་དང་།  ཐོན་སྐྱེད་སྡེ་ཁག  ཕྱིར་འཚོང་སྡེ་ཁག  ཞོར་ལས་སྡེ་ཁག  ཞབས་ཞུའི་སྡེ་ཁག་སོན་ཕྱུགས་དོ་དམ་སྡེ་ཁག  རྫི་བོའི་སྡེ་ཁག  ཕྱུགས་ནད་འགོག་སྲུང་སྡེ་ཁག  ཚོ་གསོའི་སྡེ་ཁག  གཟན་ཆས་དོ་དམ་སྡེ་ཁག་ལྟ་བུའི་སྡེ་ཁག་དུ་མ་འདུས། ཡང་ཆེད་གཉེར་གསོ་སྤེལ་དུད་ཁྱིམ་དུ་དེ་དག་ལ་དབྱེ་འབྱེད་གསལ་པོ་མེད་ཅིང་ཚང་མ་ཁྱིམ་བདག་གི་འགན་དུ་བླངས་ཡོད།
          གསུམ། དོ་དམ་གྱི་སྒྲིག་འཛུགས། མགོ་ལོག་དང་ཀན་ལྷོའི་མཉམ་ལས་ཁང་ཕལ་ཆེ་བར་ཚོགས་མིའི་འཐུས་ཚབ་ཚོགས་པས་ལས་འཛིན་ཚོགས་པ་དང་ལྟ་རྟོག་ཚོགས་པ་འདེམས་པ་དང་། ལས་འཛིན་ཚོགས་པས་སྡེ་ཁག་སོ་སོའི་འགན་ཁུར་བ་བསྐོ་ཡི་ཡོད། ལས་འཛིན་ཚོགས་གཙོ་ཕལ་ཆེ་བ་ནི་དང་ཐོག་མཉམ་ལས་ཁང་འཛུགས་པར་སྣེ་འཁྲིད་མཁན་ཡིན་ཞིང་། དོན་དག་ཆེ་ཆུང་སྣ་ཚོགས་ཐག་གཅོད་ཐབས་ལ། མི་རེར་འདེམས་ཤོག་རེ་དང་། མ་རྐང་རེར་འདེམས་ཤོག་རེ། ཚོགས་མིའི་འཐུས་ཚབ་ཚོགས་པའི་ལམ་ལུགས་བཅས་ཡོད་ཅིང་། དོན་དངོས་ཐོག་མཉམ་ལས་ཁང་ཕལ་ཆེ་བའི་དོན་དག་ཕལ་ཆེར་ལས་འཛིན་ཚོགས་གཙོས་ཐག་གཅོད་ཀྱིན་ཡོད། དེས་ཐག་མི་ཆོད་པ་ཡོད་ཚེ་ལས་འཛིན་ཚོགས་པས་གྲོས་བྱས་ཏེ་ཐག་གཅོད། དེས་ཀྱང་ཐག་མི་ཆོད་པ་ཡོད་ན་ཚོགས་མིའི་འཐུས་ཚབ་ཚོགས་པས་གྲོས་བྱས་ཏེ་ཐག་གཅོད་ཀྱིན་ཡོད།
          མཉམ་ལས་ཁང་དུ་ཞུགས་པ་དང་མཉམ་ལས་ཁང་ལས་འབུད་པ་རང་དབང་ཡིན་ཡང་། མཉམ་ལས་ཁང་དུ་ཞུགས་པར་ཚོགས་མི་ཚང་མར་ཡིག་ཐོག་ན་མེད་པའི་སྤྱི་མཐུན་གྱི་ཚད་གཞི་རེ་ཡོད། མཉམ་ལས་ཁང་ཚུགས་ཚུན་ཞུགས་པ་ལ་ཚོགས་མིའི་འཐུས་ཚབ་ཚོགས་པས་མོས་མཐུན་ཡོང་དགོས།  མཉམ་ལས་ཁང་ལས་ཕྱིར་འབུད་དུས་དང་མའི་མ་རྐང་ཕྱིར་སློག་པ་ལས་ཆེད་བཀོལ་རང་བཞིན་གྱི་མ་དངུལ་ཏེ་རྨང་གཞིའི་སྒྲིག་ཆས་ལྟ་བུ་རང་ལ་འབབ་ཚད་ལྟར་ཕྱིར་སློག་གི་མེད། རང་གིས་བཞག་པ་མ་ཡིན་པའི་རྒྱུ་ནོར་གྱི་བདག་དབང་ཧ་ཅང་རབ་རིབ་ཅན་དུ་ཡོད།
          བཞི།  ཁེ་ཕན་བགོ་བཤའ་རྒྱག་པའི་སྒྲིག་འཛུགས། སྤྱིར་ཁེ་ཕན་བགོ་བཤའ་རྒྱག་ཐབས་ལ། མ་རྐང་ལྟར་ཁེ་སྤོགས་བགོ་བ་དང་།  ཉོ་འཚོང་གི་གྲངས་འབོར་ལྟར་བགོ་བཤའ་རྒྱག་པ།  ངལ་རྩོལ་ལྟར་བགོ་བཤའ་རྒྱག་པ། བྱས་རྗེས་ལྟར་བགོ་བཤའ་རྒྱག་པ།  དགོས་མཁོ་ལྟར་བགོ་བཤའ་རྒྱག་ཐབས་སོགས་རིགས་དུ་མ་ཞིག་སྤྱོད་ཀྱིན་ཡོད་ལ། ཐབས་ལམ་དེ་དག་ཀྱང་འགྱུར་བ་མེད་པ་ཞིག་མ་ཡིན་པར་སྐབས་བསྟུན་གྱིས་འགྱུར་བ་གཏོང་གི་ཡོད།  ཁེ་སྤོགས་བགོ་བཤའ་རྒྱག་པའི་སྒྲིག་འཛུགས་དེ་ཧ་ཅང་འགྱུར་སྐྱེན་པོའམ་སྟབས་སྟུན་ཅན་ཞིག་ཡིན།  སྒྲིག་ཡིག་ཏུ་ཉོ་ཚོང་གྲངས་འབོར་ལྟར་བགོ་བས་60%དང་མ་རྐང་ལྟར་བགོ་བས་40%ལྟར་བྲིས་ཡོད་ནའང་།  དོན་དངོས་སུ་ཆེད་ལས་བྱང་ཚད་ཀྱི་དབང་གིས་ལག་ལེན་དུ་བསྟར་ཐུབ་ཀྱི་མེད། སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་དང་མཉམ་སྒྲུབ་ཚོང་སྡེ་ཡིས་ཉོ་ཚོང་གྲངས་འབོར་ལྟར་བགོ་བ་དང་མ་རྐང་ལྟར་བགོ་བ་ཟུང་འབྲེལ་དང་།  ནོར་ལུག་གསོ་སྤེལ་མཉམ་ལས་ཁང་ལྟ་བུར་མཚོན་ན་མ་རྐང་བཞིན་བགོ་བ་དང་ངལ་རྩོལ་ལྟར་བགོ་བ་ཟུང་འབྲེལ།  དབྱར་རྩྭ་དགུན་འབུའི་མཉམ་ལས་ཁང་ནི་མ་རྐང་ནང་བཞིན་བགོ་བ་ཤུགས་ཆེའོ། །
          བཞི་པ། མགོ་ལོག་ཁུལ་དང་ཀན་ལྷོ་འབྲོག་ཁུལ་གྱི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འཕེལ་ཕྱོགས་དང་གནད་དོན་དབྱེ་ཞིབ།
          གཅིག འཕེལ་རྒྱས་ཀྱི་ཁ་ཕྱོགས་དབྱེ་ཞིབ། འཕེལ་ཕྱོགས་ལ་གཉེར་བའི་ཆ་ནས་རིགས་ཆེན་པོ་གཉིས་ཙམ་ཡོད་དེ། གཅིག་ནི་ཕྱུགས་ཟོག་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་གིས་མཚོན་པའི་ཆེད་གཉེར་རང་བཞིན་མངོན་པར་གསལ་བའི་མཉམ་ལས་ཁང་ཡིན་ལ། ཅིག་ཤོས་ནི་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་གིས་མཚོན་པའི་སྣ་འཛོམས་རང་བཞིན་མངོན་པར་གསལ་བའི་མཉམ་ལས་ཁང་ཡིན།  གཉེར་སྟངས་ཀྱི་ཆ་ནས་ཕྱིར་འཚོང་ཆེད་གཉེར་མཉམ་ལས་ཁང་གིས་མཚོན་པའི་འབྲོག་ཁྱིམ+མཉམ་ལས་ཁང་སྟེ་བར་པའི་རྣམ་པ་ཅན་དང་སྐྱེ་ཁམས་མཉམ་ལས་ཁང་གིས་མཚོན་པའི་མཉམ་ལས་ཁང+ཚོང་སྡེ་སྟེ་ཁེ་ལས་པའི་རྣམ་པ་ཅན་ཡིན། སྣེ་འཁྲིད་མཁན་གྱི་ཆ་ནས། སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་གིས་མཚོན་པའི་སྲིད་གཞུང་གིས་སྣེ་ཁྲིད་ནས་སྒྲུབ་པ་དང་མཉམ་སྒྲུབ་ཚོང་སྡེས་མཚོན་པའི་མང་ཚོགས་སམ་འཇོན་ལྡན་མི་སྣས་སྣེ་ཁྲིད་ནས་སྒྲུབ་པ་གཉིས་ཡོད། བདག་དབང་གི་ཆ་ནས་ཕལ་ཆེ་བ་མ་རྐང་མཉམ་འབྲེལ་ལུགས་ཀྱི་མཉམ་ལས་ཁང་ཡིན། མཉམ་སྡེབ་ལུགས་ཀྱི་མཉམ་ལས་ཁང་རེ་གཉིས་ཡོད་ནའང་ཚད་ལྡན་དང་ཐོ་འགོད་བྱས་པ་ཉུང་། སྤྱི་ནས་བལྟས་ན་མ་རྐང་འཇོག་མཁན་ལ་དབང་ཞིང་མ་རྐང་འཇོག་མཁན་གྱིས་ཁ་ལོ་སྒྱུར་བའི་མ་རྐང་ཀུང་སིར་ཁ་ཕྱོགས་ཤིང་སྲིད་གཞུང་གིས་མཉམ་ལས་ཁང་ལ་སྐུལ་འདེད་དང་མཉམ་ལས་ཁང་སྲིད་གཞུང་ལ་བརྟེན་པའི་རྣམ་པ་ཞིག་གོ །ལས་རིགས་ཀྱི་ཆ་ནས་ཕལ་ཆེ་བ་ཕྱུགས་ལས་ཡིན། དེར་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པ་ལས་གཅིག་ནི་ཕྱུགས་ལས་ཕ་མེས་ནས་རྒྱུད་པའི་ལས་རིགས་ཡིན་པས། འཚོ་བའི་གོམས་གཤིས་ཀྱི་གྲུབ་ཆ་ཞིག་ཡིན་ལ་དེའི་སྐོར་གྱི་ཤེས་ཚད་ཀྱང་མཐོ།  ནོར་ལུག་རིན་གོང་དང་ཚོང་ར་བརྟན་འཇགས་ཡིན། གཉིས་ནི་ལག་ཤེས་སམ་ཐོན་སྐྱེད་རིགས་གཞན་པར་བྱང་ཆ་མེད་ལ། ཕྱིར་འཚོང་ལ་དཀའ་ཁག་ལྡན། གསུམ་ནི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཞན་ཞིང་། ཐོན་ཁུངས་ལ་བརྟེན་པའི་འདུ་ཤེས་དྲག་ལ་རང་འགུལ་གྱིས་འཆར་གཞི་འགོད་པའི་ནུས་པ་ཞན་པ་བཅས་སོ། །
          གཉིས། གནད་དོན་དབྱེ་ཞིབ། ཀྲའོ་ཞུའེ་ཡན་གྱིས་ཀན་ལྷོ་འབྲོག་ཁུལ་དུ་རྩད་འདྲི་བྱས་པ་ལྟར་ན་རྩད་འདྲི་བྱས་པའི་འབྲོག་པ་ལས་42.7%གྱིས་མཉམ་ལས་ཁང་འཕེལ་རྒྱས་ཀྱི་དཀའ་ཁག་གཙོ་བོ་ནི་སྲིད་གཞུང་གི་རྒྱབ་སྐྱོར་གྱིས་མི་འདང་བ་དེ་ཡིན་པར་འདོད། 22.8%ཀྱིས་འགོ་ཁྲིད་འཇོན་པོ་ཞིག་མེད་པ་དེ་ཡིན་པར་འདོད།  22.7%གྱིས་ཁ་འཆམ་གྲོས་མཐུན་མི་ཡོང་བར་རྩ་འཛུགས་བྱེད་ཁག་པ་དེ་ཡིན་པར་འདོད།  19%ཡིས་འབྲོག་པས་ཇི་ལྟར་རྩ་འཛུགས་བྱེད་མི་ཤེས་པར་ཐུག་པར་འདོད།  འབྲོག་པ་མང་ཆེ་བ་མཉམ་ལས་ཁང་དང་དེའི་ལམ་ལུགས་ལ་ཆ་རྒྱུས་མེད་པ་དང་། མཉམ་ལས་ཀྱི་ནུས་པ་མེད་པ་ནི་འགོག་རྐྱེན་གཙོ་བོ་དང་། སྲིད་གཞུང་གིས་མཉམ་ལས་ཁང་ལ་རོགས་སྐྱོར་བྱས་པ་མི་འདང་བ་དང་མཉམ་ལས་ཁང་སྐོར་ལ་ཤེས་རྟོགས་ཟབ་པའི་ཁེ་ལས་མེད་པ་རེད།⑤ དེ་ནི་མགོ་ལོག་དང་ཀན་ལྷོ་གཉིས་ཀར་གནས་པའི་གནད་དོན་ཞིག་ཀྱང་རེད། གནད་དོན་དེ་རྩ་བ་བྱས་ཏེ་གནད་དོན་རབ་དང་རིམ་པ་འཐོན་གྱི་ཡོད་པ་ནི།
          1.ཆ་རྐྱེན་འཛོམས་པའི་སྣེ་འཁྲིད་པ་ཉུང་ཞིང་སྣེ་འཁྲིད་ཚད་དམའ་བ་དང་། འབྲོག་པ་ཞུགས་ཚད་ཉུང་བ། ས་གནས་མང་ཚོགས་ཁྲོད་དབང་གྲགས་ལྡན་ཞིང་རྒྱལ་སྤྱིའམ་རྒྱལ་ནང་གི་དཔལ་འབྱོར་འཕེལ་ཕྱོགས། རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས།  མཉམ་ལས་ཁང་གི་ཤེས་བྱ་བཅས་ལ་ཤེས་རྟོགས་ཡོད་པར་མ་ཟད། ས་གནས་ཀྱི་གནས་ཚུལ་དང་ཟུང་དུ་སྦྲེལ་ཤེས་པའི་འཇོན་ལྡན་མི་སྣ་ཉུང་ཞིང་། སྣེ་འཁྲིད་མཁན་དེ་བས་ཉུང་། ཁོམ་ལོང་དང་ལས་གནས་གང་ཅིའི་ཐད་ནས་སྣེ་འཁྲིད་ཐུབ་མཁན་ཧ་ཅང་དཀོན། དེར་མ་ཟད་སྣེ་འཁྲིད་པའི་མཉམ་ལས་ཁང་དུ་ཞུགས་མཁན་ཡང་ཧ་ཅང་ཉུང་། འབྲོག་པ་མང་པོས་“རྒྱང་ལྟའི་”རྣམ་འགྱུར་བཟུང་སྟེ་བསྡད་ཡོད།
          2.མཉམ་ལས་ཁང་གི་ཆེད་ལས་སམ་དོ་དམ་བྱང་ཚད་དམའ་ཞིང་། མ་ལག་ཆ་མི་ཚང་བ། མང་ཆེ་བ་ཕྱིའི་སྟོབས་ཤུགས་ལ་བརྟེན་པ།  ཚོགས་མིའམ་གཞུང་ཕྱོགས་ཀྱི་མཉམ་ལས་ཁང་དང་འབྲེལ་ཡོད་ལས་ཁུངས་སམ་ལས་བྱེད་མི་སྣར་མཉམ་ལས་ཁང་སྐོར་གྱི་ཤེས་ཚད་དམའ་ལ། ཁྲོམ་རའི་བརྡ་འཕྲིན་ལ་དུས་ལྟར་ཤེས་རྟོགས་དང་ཁྲོམ་རའི་དགོས་མཁོ་ནང་ལྟར་ཐོན་སྐྱེད་ཁ་ཕྱོགས་ལ་མཛུབ་སྟོན་ཐུབ་མཁན་ཧ་ཅང་ཉུང་། དངོས་སུ་ཚུགས་པའི་མཉམ་ལས་ཁང་དུའང་ལས་འཛིན་ཚོགས་པའམ་ལྟ་རྟོག་ཚོགས་པ། རྩིས་གཉེར་པ་སོགས་མཉམ་ལས་ཁང་སྐོར་གྱི་བཅའ་ཁྲིམས་ནང་བཞིན་བསྐོ་འཇོག་བྱས་ཡོད་ཀྱང་། རང་རང་གི་འགན་དང་དབང་ལ་གསལ་ཆ་ཆེན་པོ་མེད་ལ། དོ་དམ་གོ་རིམ་སྟབས་བདེ་ཞིག་ལས་མཉམ་ལས་ཁང་གི་ཚད་ལྡན་སྒྲིག་གཞི་ལྟར་དམངས་གཙོའི་དོ་དམ་དང་ལྟ་རྟོག་ལག་ལེན་དུ་བསྟར་ཐུབ་ཀྱི་མེད་ལ། ནོར་སྲིད་དོ་དམ་དང་ཉེན་ཁ་འགན་སྲུང་གི་མ་ལག་ཆ་ཚང་བ་ཞིག་མེད། སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་གཙོ་བྱས་པའི་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ལ་ཁ་ཕྱོགས་ཏེ་བཙུགས་པའི་མཉམ་ལས་ཁང་མང་པོས་སྲིད་ཇུས་ཀྱི་གཟིགས་སྐྱོང་ལ་བསྒུགས་ཡོད་ཅིང་། ལ་ལ་ཞིག་མིང་ཙམ་ལས་དོན་དུ་སྲིད་ཇུས་ཀྱི་ཁེ་ཕན་ལེན་ཐབས་སུ་ཟད།  མཉམ་ལས་ཁང་གི་བདག་དབང་མི་གསལ་བ་དང་། ནོར་རྩིས་ལམ་ལུགས་དང་ཁེ་སྤོགས་བགོ་བཤའ་རྒྱག་པའི་ལམ་ལུགས་སོགས་འཐུས་སྒོ་མི་ཚང་ལ།  མཉམ་ལས་ཁང་དང་སྲིད་གཞུང་བསྣོལ་བ། ཡང་ན། མཉམ་ལས་ཁང་དང་ཁེ་ལས་བསྣོལ་བའི་གནས་ཚུལ་རྒྱུན་འབྱམས་སུ་ཡོད། མཉམ་ལས་ཁང་གཉེར་མཁན་མང་པོ་ཞིག་ལ་དྲིས་ནའང་སྤྱིའི་བཀོད་སྒྲིག་ལེགས་པོ་ཞིག་མེད་སྟབས། གཞུང་ཕྱོགས་ཀྱི་གཟིགས་སྐྱོང་ཡོད་ན་བཟང་བ་དང་མེད་ཚེ་ཁེ་སྤོགས་ཉུང་རབས་བཤད། དང་ཐོག་རང་ཉིད་ཀྱིས་མ་དངུལ་བསྡུས་ཏེ་མཉམ་ལས་ཁང་བཙུགས་ཤིང་འབྲེལ་ཡོད་ལས་ཁུངས་སུ་ཐོ་འགོད་བྱས་རྗེས། སྲིད་གཞུང་གི་དངུལ་བུན་དང་། བདག་རྐྱེན། རོགས་སྐྱོར་དངོས་པོ་སོགས་ལེན་ཐབས་ལ་འབད་པ་བྱེད་པ་ལས་མཉམ་ལས་ཁང་རང་སྟེང་ནས་ཁེ་སྤོགས་སྐྲུན་ཐབས་ལ་བསམ་བློ་འཁོར་ཞིང་དེར་བརྩོན་མཁན་ཉུང་།
          3.དོ་དམ་ཐད་ལམ་ལུགས་ཅན་དུ་ཆགས་མེད་པ།མཉམ་ལས་ཁང་རེ་རེར་སྒྲིག་ཡིག་རེ་ཡོད་ཀྱང་། དོན་དངོས་ཐོག་ཡིག་ཐོག་ན་སྒྲུབ་ཐབས་གཅིག་དང་ལག་ལེན་ཁྲོད་སྒྲུབ་ཐབས་གཅིག་ཡོད་དེ། ཕལ་ཆེ་བའི་ཐག་གཅོད་དབང་ཆ་ལས་འཛིན་ཚོགས་གཙོའམ་མ་རྐང་མང་ཤོས་ཀྱི་ཚོགས་མིའི་ལག་ན་ཡོད། ཚོགས་མི་ཚང་མས་གྲོས་བྱས་ཏེ་སྐབས་བསྟུན་གྱིས་སྒྲུབ་ཚུལ་རེ་ལས་གཏན་ཁེལ་ཞིག་མེད། དེ་སྐབས་སྐབས་སུ་ལས་ཆོད་ལྡན་ལ་མི་གཤིས་དང་མཐུན་པ་ཞིག་ཡིན་རུང་། མཉམ་ལས་ཁང་གི་གཞི་རྩའི་རྩ་དོན་ཏེ་དམངས་གཙོ་མངོན་འགྱུར་ཐུབ་ཀྱི་མེད་ལ་མཉམ་ལས་ཁང་ཡུན་རིང་པོར་བརྟན་འཇགས་སུ་གནས་པར་གནོད་ཀྱི་ཡོད།
          4.རྩ་འཛུགས་ཀྱི་ཁྱབ་ཁོངས་ཆུང་བ་དང་། ཞབས་ཞུའི་རིགས་ཆིག་རྐྱང་ཡིན་པ། ཆུ་ཚད་དམའ་བས་ཁྲོམ་རའི་འགྲན་རྩོད་ནུས་པ་ཞན། མཉམ་ལས་ཁང་མང་ཆེ་བ་ཁྱབ་རྒྱ་ཆུང་ཞིང་། མཉམ་ལས་ཁང་གི་ཚོགས་མིའི་རིག་གནས་སྒྲིག་གཞི་ཕལ་ཆེར་འདྲ་བས། མཉམ་ལས་ཁང་འདིས་སྒྲུབ་ཐུབ་པ་མཉམ་ལས་ཁང་གཞན་གྱིས་ཀྱང་སྒྲུབ་ཐུབ་ལ། འདིས་སྒྲུབ་མི་ཐུབ་པ་གཞན་གྱིས་ཀྱང་སྒྲུབ་མི་ཐུབ་པས་ཞབས་ཞུའི་ལས་རིགས་ཆིག་རྐྱང་ཅན་དུ་སོང་བར་མ་ཟད། མ་དངུལ་མི་འདང་བ་དང་སྒྲིག་ཆས་ཐབས་ཆག་ཡིན་པ། ལས་བྱེད་མི་སྣར་དཔལ་འབྱོར་རམ་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་གྱི་ཆུ་ཚད་དམའ་ཞིང་ཕྱིར་འཚོང་ཚོང་ལམ་རྒྱ་སྐྱེད་པའི་ནུས་པ་ཞན་པས་ཞབས་ཞུའི་ཆུ་ཚད་ཧ་ཅང་དམའ། ཕལ་ཆེ་བ་ཕྱིར་འཚོང་དང་ཕྱུགས་ཟོག་གསོ་སྤེལ། རང་ས་ནས་ཚོང་ཁང་དང་མགྲོན་ཁང་གཉེར་བ་ཙམ་ཡིན། ཕྱིར་འཚོང་ཡང་ཉེ་འཁོར་གྲོང་ཁྱེར་ཁག་ལས་རིན་གོང་མཐོན་པོ་རག་ཐུབ་པའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་རམ་ཕྱི་རྒྱལ་དུ་འདྲེན་པ་ཉིན་མོའི་སྐར་མའི་རྗེས་སུ་སོང་ཡོད། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་གཅིག་ཏུ་འདུ་བ་ནི་དེ་བས་སྨོས་མ་དགོས། ལས་སྣོན་རེ་ཡོད་ནའང་ཕྱི་ཐུམ་རྒྱག་པ་ཙམ་དུ་ཟད།  དེ་དང་དེ་འདྲ་བའི་དབང་གིས་རྒྱལ་ཡོངས་ཀྱི་ཁྲོམ་རའམ་རྒྱལ་སྤྱིའི་ཁྲོམ་རའི་ཁྲོད་དུ་འགྲན་རྩོད་ཀྱི་ནུས་པ་ཆེས་ཆེར་ཞན།
          5.འཕེལ་རྒྱས་དོ་མི་མཉམ་པ་དང་མཉམ་ལས་ཁང་ཕན་ཚུན་བར་ལ་མཉམ་འབྲེལ་དཀོན་པ་དང་།  ཆེད་གཉེར་མཉམ་ལས་ཁང་གི་འཕེལ་རྒྱས་དོ་མི་མཉམ་ལ་ཁེབས་ཚད་ཆུང་། ས་ཁུལ་གྱི་ངོས་ནས་བལྟས་ན། དཔལ་འབྱོར་དང་འགྲིམ་འགྲུལ་ཆ་རྐྱེན་ཅུང་ལེགས་སའམ་རྫོང་མཁར་ལ་ཐག་ཉེ་སར་ཅུང་མང་ཞིང་དེ་ལས་ལྡོག་སར་ཅུང་ཉུང་། གཞུང་ཕྱོགས་ཀྱི་ལས་བྱེད་དང་འགོ་ཁྲིད་མང་སར་མང་ལ་རྗེས་ལུས་ས་ཁུལ་དུ་ཅུང་ཉུང་། མཉམ་ལས་ཁང་ཕན་ཚུན་བར་ལ་ཁེ་ཕན་བགོ་བའི་ཚད་གཞི་ལེགས་པོ་ཞིག་འཇོག་མ་ཤེས་པ་དང་ཕན་ཚུན་མཉམ་འབྲེལ་བྱེད་པར་མ་གོམས་པའམ་མ་རྟོགས་པ་སོགས་ཀྱི་དབང་གིས་མཉམ་ལས་ཁང་ཕན་ཚུན་བར་དུ་མཉམ་འབྲེལ་ཧ་ཅང་དཀོན།
          ལྔ་པ། མཇུག་སྡོམ།
          ཚོགས་མིའི་ཆེད་ལས་ཆུ་ཚད་དང་ཁོར་ཡུག་གི་ཚོང་རའི་མ་ལག་འཐུས་ཚང་བ་ཞིག་ཡིན་ཕྱིན་ཆེད་གཉེར་རང་བཞིན་གྱི་མཉམ་ལས་ཁང་གི་ལེགས་ཆ་མངོན་ཐུབ་ཅིང་། དེ་མ་འཛོམས་སྔོན་ལ་སྣ་འཛོམས་རང་བཞིན་གྱི་མཉམ་ལས་ཁང་འཚམ་ཞིང་མཁོ་བར་མངོན། སྲིད་གཞུང་གི་སྐུལ་འདེད་ལ་བརྟེན་ནས་སྒྲུབ་པའི་མཉམ་ལས་ཁང་དག་ཡིན་ན། སྲིད་གཞུང་གིས་ནི་གཙོ་བོ་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བྱེད་ཐབས་དང་སྲིད་ཇུས། ས་ཁུལ་སྤྱིའི་གནས་ཚུལ་དང་ཕུགས་ཀྱི་ཁེ་ཕན་གཞིར་བཟུང་ནས་འཆར་འགོད་བྱས་པ་ཞིག་ཡིན་ལ།  མཉམ་ལས་ཁང་དེ་རིགས་ཀྱི་ཁྲོད་ན་གནས་སྐབས་སུ་སྲིད་གཞུང་གི་ནོར་ཁྲལ་ལམ་ཡིག་རྟོན་དངུལ་བུན། སྲིད་ཇུས་སོགས་ཀྱི་རོགས་སྐྱོར་ལ་ཁེན་པ་མང་། མང་ཚོགས་སམ་འཇོན་ལྡན་མི་སྣས་སྣེ་ཁྲིད་པའི་མཉམ་ལས་ཁང་ཡིན་ན་བྱེ་བྲག་གི་དུད་ཁྱིམ་སྐོར་ཞིག་གམ་ས་ཁུལ་ཞིག་གི་མིག་མཐོང་ལག་ཟིན་གྱི་ཁེ་ཕན་གཞིར་བཟུང་ནས་བཙུགས་པ་མང་ལ། མཉམ་ལས་ཁང་དེ་རིགས་ཕལ་ཆེར་མཉམ་ལས་ཁང་རང་ཉིད་ཀྱིས་བསྐྲུན་པའི་ཁེ་སྤོགས་ལ་བརྟེན་ནས་འཁོར་སྐྱོད་བྱེད་ཀྱིན་ཡོད། འབྲོག་ཁྱིམ+མཉམ་ལས་ཁང་སྟེ་བར་པའི་རྣམ་པ་ཅན་ཡིན་ན་གཞུང་ཕྱོགས་དང་ཁེ་ལས་སོགས་ལ་འབྲེལ་བ་དང་རྩ་འཛུགས་ཐུབ་སྟེ་ཁེ་སྤོགས་སྐྲུན་ཐུབ་ན་འཁོར་སྐྱོད་བྱེད་ཅིང་། འཁོར་སྐྱོད་འགྲོ་སོང་དེ་ཁེ་སྤོགས་ལས་ཆེ་བ་ཆགས་ན་མཚམས་འཇོག་གི་ཡོད་པས་གྱོང་རག་ཚད་དམའ་ཙམ་གདའ། མཉམ་ལས་ཁང+ཚོང་སྡེ་སྟེ་ཁེ་ལས་པའི་རྣམ་པ་ཅན་ཡིན་ན་མ་རྐང་ངེས་ཅན་བཞག་ཡོད་ཅིང་།  རྩྭ་ས་དང་ཕྱུགས་ཟོག་ཚང་མ་བཞག་པའང་ཡོད། མཉམ་ལས་ཁང་རང་ཉིད་འཁོར་སྐྱོད་དང་འབྲེལ་ཕྱི་ནས་མ་དངུལ་བརྩོན་ལེན་ཐུབ་ཚེ་ཁེ་སྤོགས་མཐོན་པོ་རག་ཅིང་། དེ་ལྟར་མིན་ཚེ་གྱོང་ཡང་ཆེན་པོ་རག་གི་ཡོད།
          འབྲོག་པའི་ཆེད་གཉེར་མཉམ་ལས་ཁང་གི་འཕེལ་རྒྱས་ནི་འབྲོག་ལས་གཞི་རྒྱ་ཅན་དང་ཐོན་ལས་ཅན་དུ་སོང་བའི་ཚད་དང་མཐུན་སྡུར་དུ་གྲུབ་པས་ན། འབྲོག་ལས་ཐོན་ལས་ཅན་དང་ལྷག་པར་དུ་ཁྱད་ཆོས་ལྡན་པའི་འབྲོག་ལས་གཞི་ཁྱོན་ལྡན་པའི་ངང་ཁེ་གཉེར་བགྱི་བར་སྐུལ་འདེད་དང་། མཉམ་ལས་ཁང་ཁ་ཕྱིར་འཁོར་ནས་འབྲོག་ལས་ཐོན་ལས་ཅན་དང་གཞི་རྒྱ་ཅན་དུ་གཏོང་བར་གཞོགས་འདེགས་ངང་ཕན་ཚུན་ཟུང་འབྲེལ་བྱ་བ་གཙོ་གནད་ཡིན།
          མདོ་སྨད་འབྲོག་ཁུལ་གྱི་མཉམ་ལས་ཁང་གི་འཕེལ་རྒྱས་གནས་ཚུལ་དང་གནད་དོན་གཞིར་བཟུང་ནས་འཐབ་ཇུས་དྲུག་གིས་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་དགོས་པ་གཤམ་གསལ།
          གཅིག  འཇོན་ལྡན་མི་སྣ་གསོ་སྐྱོང་གི་འཐབ་ཇུས། འཇོན་ལྡན་མི་སྣ་ནི་མཉམ་ལས་ཁང་གི་ཁ་ལོ་བ་ཡིན་ལ་འབྲོག་དམངས་ལ་སློབ་གསོ་དང་མཛུབ་སྟོན། མཉམ་ལས་ཁང་གི་ཁེ་ལས་མི་སྣ་གསོ་སྐྱོང་བྱེད་པ་ནི་ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་ཀྱི་རྨང་གཞིའི་བྱ་བ་ཡིན། གཅིག་ནས་འབྲོག་པ་མང་ཚོགས་ལ་མཉམ་ལས་ཁང་སྐོར་གྱི་རྨང་གཞིའི་ཤེས་བྱ་དར་ཁྱབ་ཏུ་གཏོང་བ་དང་ཁོང་ཚོ་མཉམ་ལས་ཁང་དུ་ཞུགས་པར་བསམ་བློའི་རྨང་གཞི་བསྐྲུན་དགོས། གཉིས་ནས་མཉམ་ལས་ཁང་གི་སྣེ་ཁྲིད་མི་སྣར་ཁྲོམ་རའི་ཁེ་གཉེར་དང་དོ་དམ་ཤེས་བྱ། ཁྲིམས་ལུགས་དང་སྲིད་ཇུས་སྐོར་གྱི་ཟབ་སྦྱོང་སྤྲད་དེ་དོ་དམ་གྱི་ཆུ་ཚད་དང་སྣེ་ཁྲིད་ནུས་པ་གོང་མཐོར་གཏོང་དགོས། དེའང་གཙོ་བོ་ས་གནས་ལ་ཞབས་འདེགས་ཞུ་བར་ལྷག་བསམ་ལྡན་པའི་སློབ་ཆེན་སློབ་མ་དང་དབང་གྲགས་ལྡན་པའི་སེར་སྐྱ་དག་གསོ་སྐྱོང་གི་གནད་སར་བཟུང་སྟེ།  འབྲོག་དམངས་ཀྱི་སྣེ་འཁྲིད་དུ་འཇུག་པ་དང་། ཆ་འཕྲིན་དང་སློབ་གསོའི་མཐུན་ཚོགས་ལ་བརྟེན་ཏེ་འབྲོག་དམངས་ཀྱི་མཉམ་ལས་ཤེས་བྱའམ་མཉམ་ལས་ཀུན་སློང་གསོ་སྐྱོང་བྱ་བ་ནི་མིག་སྔར་ལག་ལེན་དུ་རུང་བའི་བྱེད་ཐབས་ཤིག་གོ།
          གཉིས།  མ་དངུལ་འཐབ་ཇུས།  དཔལ་འབྱོར་ལ་འབྲེལ་བའི་ལས་ཤིག་ཡིན་ཕྱིན་མ་དངུལ་ནི་ཟུངས་ཤུགས་དང་འདྲ་ལ་མཉམ་ལས་ཁང་ཡང་དེ་ལས་མ་འདས། མཉམ་ལས་ཁང་གིས་ཚོགས་མིའི་ཚོགས་གླ་དང་མ་རྐང་བསྡུ་ལེན་བྱ་ཐབས་ཀྱིས་མ་དངུལ་བསྡུས་པ་ཡིན་ཡང་། འབྲོག་པ་ནི་མ་གཞི་ནས་དབུལ་པོ་ཡིན་པས་མ་དངུལ་འབོར་ཆེན་འདོན་པར་དཀའ་ཁག་ཆེ་ལ།  ས་གནས་སྲིད་གཞུང་གིས་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་དངུལ་རྩའི་མ་ལག་ནས་མ་དངུལ་བསྡུ་བར་ཡང་ཚད་བཀག་མང་པོ་ཡོད། མ་དངུལ་གྱིས་མ་འདངས་ཚེ་མཉམ་ལས་ཁང་གི་ལས་ཆོད་ཀྱང་མཐུན་སྡུར་གྱིས་མར་ཆག་སྲིད་པས། ཡིད་རྟོན་ཁང་དང་ཕྱིར་འཚོང་མཁོ་སྤྲོད་ཁང་ལ་བརྟེན་ཏེ་“ཁང་གསུམ་འབྲེལ་”གྱི་མཉམ་ལས་ཁང་འཛུགས་པའམ་མཉམ་ལས་ཁང་དེ་ནོར་སྲིད་ཀྱིས་ཞིང་པར་རྒྱབ་སྐྱོར་བྱེད་པའི་མ་དངུལ་འཆར་གཞིའི་ལས་གཞི་དང་དབུལ་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ཁྱབ་ཁོངས། ཡིད་རྟོན་ཁང་གི་ཡིད་རྟོན་ཁྱབ་ཁོངས་སུ་བསྡུས་ཏེ་གཞུང་ཕྱོགས་ནས་མ་དངུལ་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཇེ་འཛོམ་དུ་གཏོང་དགོས། འོན་ཀྱང་སྲིད་གཞུང་གི་རོགས་སྐྱོར་དེ་མཉམ་ལས་ཁང་ལ་ཚོད་འཛིན་བྱེད་པའི་དབང་ཆ་ཞིག་ཏུ་འགྱུར་མི་རུང་སྟེ། དེ་ལྟར་བྱས་ཚེ་རྒྱབ་སྐྱོར་ལས་ཐེ་གཏོགས་མི་བྱ་བ་དང་འབྲོག་པའི་གཙོ་གཞིའི་གོ་གནས་བརྩི་འཇོག་གི་རྩ་དོན་དང་འགལ་བ་རེད། ཡང་རིན་མེད་ཅན་ཡང་མི་རུང་སྟེ། ཁེ་སྤོགས་བགོ་བའི་དབང་ཆ་ལས་བཀོད་འདོམས་དབང་ཆ་མེད་པར་བྱས་ཏེ་མ་རྐང་གི་ཁེ་སྤོགས་དེ་ལུགས་མཐུན་གྱིས་ཚོགས་མི་མ་རྐང་ཉུང་ཤས་དག་ལ་ཁ་གསབ་བམ་ཆེད་སྤྱོད་མ་དངུལ་དུ་བཞག་ཆོག མཉམ་ལས་ཁང་རང་སྟེང་ནས་ཕྱིའི་མ་རྐང་ཧུར་ཐག་གིས་ནང་འདྲེན་བྱས་པས་ཆོག་སྟེ། མཉམ་ལས་ཁང་གིས་ཁེ་གཉེར་ལས་ཐོབ་པའི་ཡོང་འབབ་ཁྲོད་བསྡུར་ཚད་ལྟར་མ་དངུལ་ངེས་ཅན་ཞིག་ཤུལ་དུ་བཟུང་སྟེ་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་མ་རྩར་གསོག་པའམ།  ཨ་རིའི་རབས་གསར་པའི་མཉམ་ལས་ཁང་གི་བྱེད་ཐབས་བཞིན་ཚོགས་མི་དང་ཚོགས་མི་མ་ཡིན་པའི་མཉམ་འབྲེལ་བརྒྱུད། འབྲོག་ལས་ཀུང་སིའམ་འབྲོག་ལས་འབྱོར་ལྡན་པ་སོགས་ཕྱིའི་མ་དངུལ་བསྡུས་ཏེ་ཚོགས་མི་མ་ཡིན་པའི་མ་རྐང་དང་ལེན་བྱ་ཆོག མཉམ་འཇོག་དགོས་པ་ཞིག་ལ།  དེ་ལྟར་བྱས་ཚེ་མ་རྐང་ཅུང་མང་བའི་འབྲོག་ལས་འབྱོར་ལྡན་པ་དང་འབྲོག་ལས་ཀུང་སིས་འབྱོར་ཤུགས་ལ་བརྟེན་ནས་མ་དངུལ་ཐག་གཅོད་དང་ཁེ་གཉེར་ལ་ཁ་ལོ་སྒྱུར་བའི་གནད་དོན་འབྱུང་སྲིད། གནད་དོན་དེ་ཐག་གཅོད་ཀྱི་སླད་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མ་རྐང་གི་ཆེས་མཐོ་བའི་ཚད་10%-20%རུ་ཚོད་འཛིན་དང་ཕྱིའི་མ་རྐང་རྒྱུན་ལྡན་གྱི་དོ་དམ་དུ་ཞུགས་མི་ཆོག་པ་བྱས་ཡོད། རང་ཅག་གིས་ཀྱང་བྱེད་ཐབས་དེ་སྤྱད་དེ་མ་རྐང་སོ་སོ་འདྲ་མཉམ་ཡིན་མི་དགོས་ཀྱང་། མ་རྐང་གི་ཆེས་མཐོ་ཚད་ཀྱིས་མ་རྐང་སྤྱིའི་ཁྲོད་ཀྱི་ཟིན་ཚད་ཅིག་གཏན་ཁེལ་དང་། མ་རྐང་ཕན་ཚུན་བསྐོར་ཆོག་ཀྱང་ཚད་ཡོད་པའི་སྒོ་ནས་ནང་ཁུལ་ཚོགས་མིར་འཚོང་ཆོག་པ་བྱེད་ཆོག ཡང་ཚོགས་མི་དང་ཚོགས་མི་མ་ཡིན་པའི་མ་རྐང་གཉིས་ཀྱི་ཁེ་ཕན་ནི་ཕྱོགས་གཅིག་གཏན་ནས་མིན་པས། ཕྱིའི་མ་དངུལ་ལམ་ཚོགས་མི་མིན་པར་མ་རྐང་བཞིན་ཁེ་སྤོགས་བགོ་བའི་དབང་ཆ་ལས་བཀོད་འདོམས་དབང་ཆའམ་འདེམས་ཤོག་འཕེན་པའི་དབང་ཆ་མེད་པ་བྱེད་ཆོག དེ་ལྟར་ན། མཉམ་ལས་ཁང་གིས་ཕྱིའི་མ་དངུལ་བསྡུས་ཏེ་མ་དངུལ་གྱི་དཀའ་ཁག་སེལ་ཐུབ་ལ། ཕྱོགས་གཞན་ཞིག་ནས་འབྲོག་ལས་ཀུང་སི་དང་འབྲོག་ལས་འབྱོར་ལྡན་པ་སོགས་ཕྱིའི་མ་དངུལ་མཉམ་ལས་ཁང་དུ་འཇོག་པར་རང་རང་གི་ཁེ་ཕན་སྙེག་ས་རེ་ཡོད་པར་བྱས་པར་མ་ཟད། མཉམ་ལས་ཁང་གི་ཚོགས་མིའི་གཙོ་གཞིའི་གོ་གནས་དང་དམངས་ཀྱིས་དོ་དམ་བྱ་བར་ཡང་ཁག་ཐེག་བྱས་ཡོད་དོ། །
          གསུམ།  དོ་དམ་ལམ་ལུགས་ཅན་དུ་སྒྱུར་བའི་འཐབ་ཇུས།  དོ་དམ་ལ་རང་འདོད་རང་བཞིན་ཆེ་དྲགས་པ་དང་སྤྱི་དང་ཡུན་རིང་གི་བསམ་བློ་མེད་པར་བློ་འགེལ་དང་ཡིད་ཆེས་ཀྱིས་འཁོར་སྐྱོད་བྱེད་པ་ནི་འབྲོག་ཁུལ་གྱི་མཉམ་ལས་ཁང་གི་འོབས་དོང་ཞིག་ཡིན། ཐུན་མོང་གི་འགུལ་སྐྱོད་དེ་ཡུན་རིང་དུ་གནས་མིན་དང་གྲུབ་འབྲས་ལྡན་མིན་ནི་ལམ་ལུགས་ཆ་ཚང་ཞིག་གཏན་འཁེལ་དང་ལག་ལེན་དུ་བསྟར་ཐུབ་མིན་ལ་རག་ལས་ཤིང་།  ལམ་ལུགས་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་ཏེ། མིས་མིར་ཚོད་འཛིན་པ་ཙམ་མ་ཡིན་པར་ལམ་ལུགས་ཀྱིས་མིར་ཚོད་འཛིན་བྱ་དགོས། མི་ཉུང་ཙམ་ཞིག་གམ་དུས་ཡུན་ཐུང་ངུ་ཞིག་ལ་ཐད་ཀར་མིས་མིར་ཚོད་འཛིན་བྱེད་པར་བརྟེན་ཆོག་ཀྱང་། མི་མང་པོ་དང་དུས་ཡུན་རིང་པོ་ཞིག་ལ་རྩ་འཛུགས་ཤིག་ལས་ཆོད་ལྡན་པའི་སྒོ་ནས་གནས་དགོས་ན་ངེས་པར་ལམ་ལུགས་ཆ་ཚང་བ་ཞིག་ལ་བརྟེན་དགོས། ཁྲོམ་རའི་དོ་དམ་སྐོར་གྱི་རྒྱུན་བཀོལ་སྐད་ཆ་ཞིག་སྤྱད་ན་“ཐུན་མོང་གི་ཚོགས་པའི་འཁོར་སྐྱོད་ལོ་གཅིག་ལ་གནས་དགོས་ན་འགོ་ཁྲིད་ནུས་པར་བརྟེན་ཆོག་པ་དང་། ལོ་གསུམ་ལ་གནས་དགོས་ན་ལམ་ལུགས་ལ་བརྟེན་དགོས། ལོ་བཅུ་ལ་གནས་དགོས་ན་རིག་གནས་སམ་རིན་ཐང་ལྟ་ཚུལ་ལ་བརྟེན་དགོས། ལོ་བརྒྱ་ལ་གནས་དགོས་ན་དད་པར་བརྟེན་དགོས། མི་10ཡིན་ན་འགོ་ཁྲིད་ནུས་པར་བརྟེན་ཏེ་ཐད་ཐིག་དོ་དམ་བྱེད་ལྕོགས་པ་དང་། མི་l00ཡིན་ན་ལམ་ལུགས་སམ་དོ་དམ་མ་ལག་ལ་བརྟེན་དགོས། མི་1000ཡིན་ན་རིག་གནས་སམ་རིན་ཐང་ལྟ་ཚུལ་ལ་བརྟེན་དགོས། མི་10000ཡིན་ན་དད་པར་བརྟེན་དགོས་”ཞེས་པ་ནང་བཞིན་རེད། རྭ་རྒྱའི་འཇིགས་མེད་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་མཉམ་ལས་ཁང་དག་ཡིན་ནའང་དཀའ་ཁག་གཙོ་བོ་ནི་དོ་དམ་ལམ་ལུགས་ཅན་དུ་སོང་མེད་པ་དེ་རེད། དེ་བས་ཐོག་མར་མ་དངུལ་བསྡུ་བའི་དུས་རིམ་དུ་མ་དངུལ་གྱི་སྒྲིག་འཛུགས་དང་དེ་བསྟུན་གྱི་ཐག་གཅོད་དབང་ཆ་དང་ཁེ་སྤོགས་ལེན་པའི་དབང་ཆ། རྒྱུ་ནོར་བདག་དབང་སོགས་ལམ་ལུགས་ཆ་ཚང་པོ་ཞིག་ཡིག་ཐོག་ནས་གཏན་འཁེལ་གསལ་པོ་བྱེད་དགོས་ཤིང་། ཚོགས་མི་ཀུན་ལ་ལམ་ལུགས་བརྩི་སྲུང་གི་འདུ་ཤེས་ཡང་དག་གསོ་སྐྱོང་བྱེད་དགོས། དེའི་འཕྲོར་ལས་འཛིན་ཚོགས་པ་དང་ལྟ་རྟོག་ཚོགས་པ། རྩིས་གཉེར་པ་སོགས་ཀྱི་དོ་དམ་ལམ་ལུགས་དང་འགན་དབང་གསལ་པོ་བྱས་ཏེ་ལག་ལེན་དུ་བསྟར་དགོས་པ་ལས་ཞེ་འདང་དང་ངོ་སོ་ཁོ་ནས་འཇུག་མི་རུང་། ད་དུང་ས་གནས་ལ་འཚམ་པའི་རྒྱལ་ཁབ་ཕྱི་ནང་གི་དོ་དམ་ལམ་ལུགས་ཚུར་ལེན་བྱས་ཏེ་དོན་ཐོག་ཏུ་འཁྱོལ་དགོས་སོ། །
          བཞི།  ཁེ་ལས་ཀུང་སི་དང་ཚན་རིག་སྡེ་ཁག་སོགས་ལ་མཉམ་འབྲེལ་བྱེད་པའི་འཐབ་ཇུས། ཁྲོམ་རའི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་མེད་པ་དང་འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་གྲོང་གསེབ་ཀྱི་མཉམ་ལས་ཁང་ཁྲོམ་རའི་ལྟེ་བར་བཅར་མི་ཐུབ་པར་བར་པའི་གླགས་འཚོལ་རིང་ལུགས་ཀྱི་འདུ་བྱེད་དུ་ཤོར་བའམ་ཐོན་རྫས་ལ་ཚན་རྩལ་གྱི་འདུས་ཚད་ཞན་པས་རག་འོས་པའི་ཐོན་རྫས་ཀྱི་ཁེ་སྤོགས་རག་ཐུབ་ཀྱི་མེད་པའི་དཀའ་ཁག་ཅིག་ཡོད། དཔལ་འབྱོར་ཁྲོམ་ར་ཅན་དང་བཟོ་ལས་ཅན་དུ་ཕྱོགས་པའི་རླབས་རྒྱུན་ཁྲོད། དཔལ་འབྱོར་དང་ཁྲོམ་རའི་སྟོབས་ཤུགས་འཛོམས་པའི་ཁེ་ལས་ཀུང་སི་དང་ཚན་རྩལ་གྱི་རྨང་མཐུག་པའི་ཚན་རིག་སྡེ་ཁག་གི་སྟོབས་ཤུགས་གཡར་ཏེ་མཉམ་ལས་ཁང་གི་ཁེ་ཕན་ལ་ཁག་ཐེག་བྱེད་པ་ནི་ཐབས་ཤེས་མཆོག་ཏུ་གྱུར་པ་ཞིག་ཡིན། ཁེ་ལས་ཀུང་སིར་མཉམ་འབྲེལ་ལ་ངེས་པར་དུ་ཁྲོམ་རའི་ལྟེ་བར་བཅར་ཐུབ་མིན་དང་མ་འོངས་པའི་ཚོང་ལམ་རྒྱ་སྐྱེད་པར་ཕན་མིན་གྱི་འདམ་ང་བྱས་རྗེས། ཕན་ཚུན་བར་ལ་ཁེ་ཕན་མཉམ་མྱོང་དང་གྱོང་ཉེན་མཉམ་འཁུར་གྱི་སྒྲིག་གཞི་འཛུགས་དགོས་ཤིང་། ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་གོང་མཐོར་གཏོང་བའི་ཚན་རྩལ་ལྡན་པའི་ཚན་རིག་སྡེ་ཁག་ལ་འབྲེལ་བ་བྱས་ཏེ། ཚན་རིག་སྡེ་ཁག་གི་ཚན་རིག་གི་དགེ་མཚན་མཉམ་ལས་ཁང་གི་ཐོན་རྫས་ཀྱི་དཔལ་འབྱོར་ཁེ་ཕན་དུ་སྒྱུར་ཐབས་དང་ཐོན་རྫས་ཁྲོམ་རའི་ལྟེ་བར་བཅར་བར་བརྩོན་དགོས་སོ། །ཨ་མཆོག་ཡ་རུ་རྒྱུད་ཞང་གི་ཨ་ནང་བཀྲ་ཤིས་ཕྱུགས་ཟོག་གསོ་སྤེལ་མཉམ་ལས་ཁང་ནི་ལེགས་འགྲུབ་ཀྱི་དཔེ་སྟོན་ཞིག་སྟེ།  ཀན་སུའུ་ཞིང་ཆེན་ཞིང་ལས་ཐིང་དང་ཀན་སུའུ་ཞིང་ལས་སློབ་ཆེན་མཉམ་འབྲེལ་གྱིས་ཅོན་ཧྲན་གླང་ (娟珊牛)དང་ནོར་ནག་རྒྱུད་འདྲེས་མ་གསོ་སྤེལ་བྱེད་ཀྱིན་ཡོད། ཞིང་ལས་ཐིང་གིས་ཅོན་ཧྲན་གླང་གི་ཁམས་དཀར་མཁོ་སྤྲོད་དང་འབྲི་མོའི་ཁོག་ལ་བཞག་སྟེ་རྒྱུད་སྤེལ་གྱི་ཡོད། དེའི་རྒྱུད་ཀྱི་མཛོ་དང་མཛོ་མོ་སྐྱེ་སྟོབས་ཆེ་ལ་མཛོ་མོར་འོ་མ་ཧ་ཅང་མང་ལ་རྩེབས་ནས་ལོ་གཅིག་ཙམ་ནས་རིན་གོང་ཁྲི་lཡིན་ཡང་ད་དུང་ཉོ་ཕྱོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ལོ་རེར་སྒོར་ཁྲི་90ལྷག་གི་ཡོང་སྒོ་ཡོད།
          ལྔ།  ཚོང་རྟགས་འཐབ་ཇུས།  ཚོང་རྟགས་འཐབ་ཇུས་ནི་དེང་རབས་དཔལ་འབྱོར་རམ་ཁྲོམ་རའི་དཔལ་འབྱོར་ཁྲོད་ཐོན་རྫས་ལ་འགྲན་རྩོད་སྟོབས་ཤུགས་སྣོན་པའི་ཐབས་བྱུས་གཙོ་བོའམ་སྤྱིའི་འཕེལ་ཕྱོགས་ཤིག་ཡིན། མདོ་སྨད་འབྲོག་ཁུལ་ལ་ཐོན་རྫས་ཀྱི་ཐོན་ཁུངས་ཐད་ནས་ལེགས་ཆ་ཆེས་ཆེར་འཛོམས་ཡོད་དེ། རང་བྱུང་གི་རྩྭ་ས་དང་འབག་བཙོག་གིས་མ་གོས་པའི་མཁའ་དབུགས། འཐུང་ཆུ། སྨན་སྣ་རྩ་ཆེན་འཛོམས་པའི་རི་ལུང་ཐང་གསུམ་གྱིས་འབྲོག་པ་མི་དམངས་ལ་ལྗང་མདོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་བསྩལ་ཡོད། འབྲོག་ལས་ཐོན་རྫས་ཀྱི་གཞུང་ཤིང་ནོར་ལུག་རྐྱང་རྐྱང་གི་ཐད་ནས་བཤད་ནའང་། འཐུང་ཆུ་ནི་ཡན་ལག་བརྒྱད་ལྡན་གྱི་གཙང་ཆབ་དང་།  གཟན་རྩྭ་ནི་དབྱར་རྩྭ་དགུན་འབུ་སོགས་སྨན་སྣ་རྩ་ཆེན་ཡིན་ལ། འགོག་སྨན་དང་གནོད་འབུ་གསོད་སྨན་སོགས་རྫས་འགྱུར་བཀོལ་བ་མེད་ཕྱིར། ཤ་དང་འོ་མ། བལ་དང་ཁུ་ལུ་སོགས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཚད་གཞིར་ཉེ་བས་ཁྲོམ་རར་དགོས་མཁོའི་བར་སྟོང་ཧ་ཅང་ཆེན་པོ་ལྡན། དཔེར་ན། 2006ལོར་ཐེམ་ཆེན་རྫོང་གིས་ཐོ་འགོད་བྱས་པའི་ཟོག་ལུག་གི་ཤའི་ཚོང་རྟགས་ཏེ་“ཐེམ་ཆེན་རི་བོ་”རྟགས་ཅན་2007ལོར་པེ་ཅིན་གྱི་ཁེ་ལས་ཀུང་སི་ཞིག་གི་བློར་བབས་ཏེ་པེ་ཅིན་གྱི་ཚོང་ཁྲོམ་ཆེ་ཁག་ཏུ་ཚབ་འཚོང་བྱས་ཤིང་། འཛད་སྤྱོད་པས་ངོས་ལེན་དང་དགའ་མགུ་ཚད་མེད་བྱས། འོན་ཀྱང་ཐོན་སྐྱེད་གཞི་རྒྱ་ཆུང་བ་དང་ཐོན་སྐྱེད་ཚད་ལྡན་མིན་པས་ཐོན་རྫས་མཁོ་སྤྲོད་ལ་ཁག་ཐེག་མ་ཐུབ་པར་གོ་སྐབས་དེ་ཤོར་བ་རེད། དོན་ངོ་མར་འབྲོག་པ་ཚོས་རང་བྱུང་ཁམས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་ཁེ་ཕན་དུ་སྒྱུར་ཐུབ་ཀྱི་མེད་ལ། ལས་སྣོན་སོགས་རྗེས་སུ་ལུས་པས་ཐོན་རྫས་ཀྱི་རྒྱུ་སྤུས་ཀྱི་ལེགས་ཆ་ཁྲོམ་རའི་འགྲན་རྩོད་ཁྲོད་ཡོངས་སུ་མངོན་ཐུབ་ཀྱི་མེད། དེ་བས་ལྗང་མདོག་དང་སྐྱེ་ལྡན་ཐོན་ཁུངས་ཀྱིས་མདོ་སྨད་འབྲོག་ཁུལ་ཆེད་གཉེར་མཉམ་ལས་ཁང་ལ་དེ་བསྟུན་གྱི་ཚོང་རྟགས་བསྐྲུན་པར་རྒྱུ་སྤུས་ཀྱི་ཁག་ཐེག་བྱས་ཡོད། ཐོན་རྫས་སྣ་མང་ཅན་དང་འབྲོག་ལས་ཐོན་རྫས་ཀྱི་འགྲན་རྩོད་ཇེ་ཆེར་སོང་བ་དང་བསྟུན། ཚོང་རྟགས་ནི་འབྲོག་ལས་ཐོན་རྫས་གང་དེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་མཐོ་རིམ་ལ་འཛེག་པའི་གཟུགས་མེད་ཀྱི་ཐེམ་སྐས་སུ་མཐོང་། ཕྱོགས་གཅིག་ནས་འབག་བཙོག་བྲལ་བའི་རྩྭ་ཆུ་མཁའ་རླུང་སོགས་རང་བྱུང་ཁོར་ཡུག་དང་ཁོར་ཡུག་དེའི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་དེ་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཚོང་རྟགས་གསར་པ་སྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་གཞུང་ཕྱོགས་ལས་ཁུངས་ལ་ལྗང་མདོག་དང་སྐྱེ་ལྡན། གནོད་བྲལ་སོགས་ཀྱི་ངོས་འཛིན་ལ་རེ་འདུན་ཞུས་ཏེ་ཚོང་རྟགས་ཀྱི་གྲལ་ནས་དབུ་འཕང་བསྟོད་པར་རྒྱབ་དཔུང་བསྒྲིག་དགོས། དེའི་འཕྲོར་ཚོང་རྟགས་ལ་དོ་དམ་དང་ཚོང་རྟགས་ཁྱབ་བསྒྲགས། ཚོང་རྟགས་ཀྱི་ཡིད་རྟོན་རང་བཞིན་ལ་དང་དོད་བྱས་ཏེ། ཚོང་རྟགས་འཐབ་ཇུས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འབྲོག་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཁྲོད་ནས་འཚོ་གནས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས་སོ། །   
          དྲུག འབྲོག་ཁྱིམ་དང་ཚོང་ཁྲོམ་ཆེན་པོ་འབྲེལ་མཐུད་ཀྱི་འཐབ་ཇུས། འབྲོག་ཁྱིམ་དང་ཚོང་པའི་བར་ལ་གན་རྒྱ་བཞག་སྟེ་འབྲོག་ཁྱིམ་གྱིས་ཐད་ཀར་ཚོང་ཁྲོམ་ཆེན་པོ་སྟེ། སྒོ་རྩིས་ཚོང་ཁང་། སྔོ་ཚོད་ཚོང་ར། སྒོ་ཚོང་ཁང་སོགས་ལ་འདོན་སྤྲོད་བྱེད་པའི་འགྲོ་རྒྱུག་གི་རྣམ་པ་གསར་པ་ཞིག་དང་། གཙོ་བོ་འབྲོག་ལས་ཐོན་རྫས་སྤུས་ལེགས་སྒོ་རྩིས་ཁང་ཆེན་པོར་འཐོན་ཐབས་ཀྱི་འབྲེལ་ཟམ་འཛུགས་དགོས། 2008ལོའི་ཟླ་12པར་ཚོང་དོན་པུའུ་དང་ཞིང་ལས་པུའུ་ཡིས་《ཞིང་ཁྱིམ་དང་ཚོང་ཁྲོམ་ཆེན་པོ་འབྲེལ་མཐུད་ཚོད་ལྟ་བྱ་བ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་》ཞེས་པ་བཀྲམ། 2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོར། རྒྱ་ཆེ་བའི་རྒྱུད་འབྲེལ་སྒོ་རྩིས་ཚོང་ཁང་དང་ཞིང་ལས་ཐོན་རྫས་འགྲོ་རྒྱུག་ཁེ་ལས་ཀྱིས་ཞིང་ཁྱིམ་དང་ཚོང་ཁྲོམ་ཆེན་པོར་འབྲེལ་མཐུད་དང་། ཞིང་ལས་ཐོན་རྫས་ཐད་འཚོང་གནས་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་པའི་བླང་བྱ་བཏོན། ཉི་ཧོང་ཏུང་ཅིན་དུ་སྒོ་རྩིས་ཚོང་ཁང་མང་ཆེ་བས་ཞིང་ལས་ཐོན་རྫས་ཐད་ཀར་འཚོང་གི་ཡོད། ཨ་རི་ཝོར་མ་དངོས་ཟོག་སྐྱེལ་འདྲེན་གྱིས་རིན་ཐང་དམའ་བའི་ལེགས་ཆར་བརྟེན་ཏེ་ཞིང་ལས་ཐོན་རྫས་ཐད་ཀར་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དུ་སྐྱེལ་གྱི་ཡོད་ཅིང་དེ་ནི་ཀྲུང་གོའི་དབུས་ཤར་གྲོང་ཁྱེར་ཁག་ཏུའང་ཅུང་དར་ཡོད། ཨ་རིའི་ཞིང་ཁྱིམ་དང་ཚོང་ཁྲོམ་ཆེན་པོ་འབྲེལ་མཐུད་ཀྱིས་ཞིང་ལས་ཐོན་རྫས་ཕྱིར་འཚོང་ཚད་ནི་80%ཡིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱབ་ཁབ་ནི་70%ཡིན། ཀྲུང་གོ་15%ཡས་མས་ཡིན་པས་འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་ཆེ། མདོ་སྨད་འབྲོག་ཁུལ་དུ་དེ་འདྲ་ལག་ཏུ་བསྟར་བ་མཐོང་དཀོན་ཞིང་། འབྲོག་ཁྱིམ་རེ་འགས་ཞང་དང་རྫོང་གི་ཚོང་ཁང་རེ་འགར་འབྲེལ་མཐུད་བྱས་ཡོད་ཀྱང་གཞི་རྒྱ་ཆུང་། མཉམ་ལས་ཁང་ནས་ཐད་ཀར་གྲོང་ཁྱེར་ཆེ་ཁག་གི་ཚོང་ཁྲོམ་ཆེན་པོར་འདོན་སྤྲོད་ཐུབ་ཚེ་རིན་གོང་མཐོན་པོ་རག་ཐུབ་ལ། འཛད་སྤྱོད་པས་ཀྱང་ལྗང་མདོག་དང་བདེ་འཇགས་ཀྱི་འབྲོག་ལས་ཐོན་རྫས་ལོངས་སུ་སྤྱོད་ཐུབ། ཚོང་ཁྲོམ་ཆེན་པོས་ཁྲོམ་རའི་དགོས་མཁོ་ནང་བཞིན་རིགས་དང་གྲངས་གཏན་འཁེལ་དང་། མཉམ་ལས་ཁང་གིས་དེ་ནང་བཞིན་ཐོན་སྐྱེད་བྱས་ཚེ་ཉོ་འཚོང་གི་འགྲོ་སོང་གྲོན་ཆུང་ཐུབ་ལ། ཐོན་རྫས་ལྷག་པའི་གནད་དོན་ཡང་ཐག་གཅོད་བ་ཐུབ། འབྲོག་དམངས་བྱང་ཚད་དམའ་བའི་གནས་བབ་འདི་ལ། འབྲེལ་མཐུད་ཀྱི་འགན་འདི་སྲིད་གཞུང་གི་འབྲེལ་ཡོད་མི་སྣའམ་ཁ་གཏད་རོགས་སྐྱོར་གྲོང་ཁྱེར། འཇོན་ལྡན་མི་སྣ་བཅས་ཀྱི་ཕྲག་ཏུ་བཞག་ཆོག་པ་རེད།
          བདུན། མཉམ་ལས་ཁང་བར་གྱི་མཉམ་འབྲེལ་འཐབ་ཇུས།  རྒྱལ་སྤྱིའི་ངོས་ནས་མཉམ་ལས་ཁང་བར་གྱི་མཉམ་འབྲེལ་ནི་1966ལོར་མཉམ་ལས་ཁང་མནའ་འབྲེལ་གྱི་མཉམ་ལས་ཁང་གི་རྩ་དོན་དུ་བྲིས་ཤིང་། མཉམ་ལས་ཁང་འཐབ་ཇུས་མནའ་འབྲེལ་དུ་ཕྱོགས་པ་ནི་ཕྱིའི་དར་རྒྱས་རྒྱལ་ཁབ་ཀྱི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན། ཀྲུང་གོས་2007ལོའི་ཟླ་12པའི་ཚེས་27ཉིན་《ཞིང་པའི་ཆེད་གཉེར་མཉམ་ལས་ཁང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》གསར་བཅོས་མའི་ལེའུ་བདུན་པར་ཞིང་ལས་ཆེད་གཉེར་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་ལ་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་དོན་ཚན་བརྒྱད་བསྣན། དེས་ལམ་ལུགས་ཀྱི་ངོས་ནས་མཉམ་འབྲེལ་ཁང་གི་ལུགས་མཐུན་ཁས་བླངས་ཡོད། མཉམ་ལས་ཁང་མཉམ་འབྲེལ་གྱིས་ཉོ་ཚོང་གི་འགྲོ་སོང་(ཉོ་ཚོང་གི་ཐེངས་གྲངས། ཉོ་ཚོང་དང་ཁྲོམ་རའི་ངེས་མེད་རང་བཞིན། རྒྱུ་ནོར་ཆེད་སྤྱོད་རང་བཞིན་གསུམ་དུ་འདུ)ཉུང་དུ་གཏོང་ལ། ཐོན་ཁུངས་(མི་ཤུགས་ཐོན་ཁུངས་དང་ལག་རྩལ་ཐོན་ཁུངས། དངོས་པོའི་ཐོན་ཁུངས། ཁྲོམ་རའི་ཐོན་ཁུངས། རྩ་འཛུགས་ཐོན་ཁུངས་བཅས་འདུ)གཅིག་ཏུ་བསྡུས་ཏེ་མ་རྐང་དང་མི་ཤུགས། ལག་རྩལ་ཚད་ངེས་ཅན་དགོས་པའི་ལས་སྣོན་དང་ཚོང་རྟགས་སོགས་རིན་ཐང་རྒྱུད་དུ་བསྐྱོད་དེ་ཁེ་སྤོགས་འབོར་ཆེན་ལེན་ཐུབ།
          མདོར་ན། ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་གཏོང་བར་སྤྱི་ཚོགས་ཀྱི་གཙོ་གཞི་རེ་རེའི་བརྩོན་སེམས་སྐུལ་བ་དང་། འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་སྐྲུན་པ། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་རང་ས་ཅན་དུ་སྒྱུར་བ་བཅས་བྱ་དགོས་ལ། བྱེ་བྲག་གི་གནད་དོན་ལ་བྱེ་བྲག་ཏུ་དབྱེ་ཞིབ་བྱེད་པ་སྟེ། མདོ་སྨད་ས་ཁུལ་གྱི་དམིགས་བསལ་རང་བཞིན་དང་དུས་རིམ་གསར་པའི་ཁྱད་རྟགས་གསར་པར་རྒྱུས་ལོན་པར་བྱས་ཏེ། ས་གནས་དང་མཐུན་ཞིང་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འབྲོག་ལས་དེང་རབས་ཅན་གྱི་ལམ་ཁ་བཏོད་ནས། ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་འབྱོར་འབྲིང་ལམ་དུ་སུ་ཡང་ལུས་མི་རུང་བའི་དམིགས་འབེན་མངོན་འགྱུར་བྱ་དགོས་སོ། ། 
          མཆན་འགྲེལ།
①2018ལོའི་ཟླ་8པར་ཀན་ལྷོ་ཁུལ་ཞིང་ལས་དཔལ་འབྱོར་ཁེ་གཉེར་དོ་དམ་ས་ཚིགས་ (甘南州农经站)ཀྱིས་མཁོ་སྤྲོད་བྱས།
②གྲངས་ཀ་འདི་དག་ནི་2018ལོའི་ཟླ་3པར་རྨ་ཆུ་རྫོང་བཟོ་ཚོང་ཅུའུ་ཡིས་མཁོ་སྤྲོད་བྱས།  
③2018ལོའི་ཟླ་3པར་མཉམ་སྒྲུབ་ཚོང་སྡེའི་འགན་ཁུར་མི་སྣས་མཁོ་སྤྲོད་བྱས།
④以上数据主要来源于 《甘南藏族自治州实施农牧互补推进一特四化发展高原特色生态畜牧产业规划》(2009-2015年),   甘肃省农业规划院,2009年l月,第27-28页。
⑤འདིའི་གྲངས་ཀ་དག་ནི་2018ལོའི་ཟླ་3པར་སྒྲུབ་ཚོང་སྡེའི་འགན་ཁུར་མི་སྣས་མཁོ་སྤྲོད་བྱས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1