༄༅།།ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འཇུ་བྲོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-10




       སྟངས་སྟབས་འཁྲུག་ཆ་དོད་པའི་འཇུ་བྲོའི་ཉམས།
       ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འཇུ་བྲོ་དར་ཡུལ་རེད། ལྷོ་ཁའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྲོ་གར་སྒྱུ་རྩལ་ཞིག་ཡིན་པའི་འཇུ་བྲོ་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འཇུ་བྲོ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཀྱི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་ལ། ད་བར་འཛམ་གླིང་མི་རིགས་ཁག་གི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཉམས་པ་མེད་པའི་གནའ་ཉམས་དོད་ཤོས་ཀྱི་ཞབས་བྲོའི་གྲས་ཤིག་ཀྱང་རེད།
       2014ལོར་འཇུ་བྲོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་ཅིང་། ལོ་75ལ་སླེབས་པའི་བགྲེས་སོང་ཉི་མ་དབང་ཕྱུག་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར།

       མེས་པོས་བཞག་པའི་ཤུལ་ནོར་རྒྱུན་འཛིན་བྱེད།
       ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཇུ་གྲོང་ཚོ་ནི་གྲོང་ཚོ་དཀྱུས་མ་ཞིག་ཡིན་ནའང་། ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། དམངས་ཁྲོད་དུ་དར་ཁྱབ་ཆེ་བ། གནའ་ཉམས་དོད་ལ་གསོན་ཉམས་ལྡན་པའི་འཕྱོངས་རྒྱས་ཀྱི་འཇུ་བྲོ་གྲོང་ཚོ་འདིས་མ་ཉམས་རྒྱུན་འཛིན་བྱས་ཡོད།
       ལོ་རྒྱུས་ཀྱི་དཔྱད་གཞིའི་ཐོག་འཁོད་པར་གཞིགས་ན། འཇུ་བྲོ་དར་བའི་ཐོག་མའི་དུས་སུ་འཁྲབ་མཚམས་ཁག་12ལ་དབྱེ་ཡོད། དེའི་ནང་ནས་འཁྲབ་མཚམས་ཁག་གཅིག་སྲོག་ཆགས་ལ་ལད་མོ་བྱས་ཏེ་འཁྲབ་པ་ཞིག་རེད། གཞན་ཡང་བོད་ཀྱི་ས་གནས་གཞན་དག་གི་བྲོ་དང་མི་འདྲ་བ་ཞིག་ནི་འཇུ་བྲོའི་འཁྲབ་མཚམས་རེར་ནང་དོན་མི་འདྲ་བ་རེ་ཡོད་པ་དང་བྲོ་དེ་དག་ལས་བོད་མིའི་སེམས་རྩ་འཁོལ་བ་དང་། བློ་གཤོགས་ཡངས་པ། འཚོ་བར་དགའ་ཞེན་ཆེ་བ་བཅས་ཀྱི་ཁྱད་ཆོས་མངོན་ཡོད། འཁྲུག་ཆ་དོད་པའི་འཇུ་བྲོ་ལས་མི་རྣམས་ལ་སྤྲོ་སེམས་འཁོལ་བའི་ཚོར་སྣང་ཞིག་སྦྱིན་གྱི་ཡོད།
       ད་ཆ་འཇུ་བྲོའི་རུ་ཁག་ལ་བྲོ་པ་བཅུ་ཡོད་པ་དང་། ཁོང་ཚོའི་བྲོའི་སྟངས་སྟབས་གཅིག་གྱུར་ཡིན་ལ་བློ་གཤོགས་ཆེ་བའི་ཉམས་འགྱུར་ཡང་ལྡན་ཡོད། འཁྲབ་དུས་ལུས་ལ་ལུག་ལྤགས་གྱོན་པ་དང་གདོང་ལ་འབག་གྱོན་པའི་བྲོ་དཔོན་གྱིས་སྣེ་ཁྲིད་དེ་གར་སྟེགས་ཀྱི་དཀྱིལ་དབུས་སུ་རྒྱུག་ཡོང་ནས་བྲོའི་གོ་རིམ་དང་རྔ་རྡུང་སྟངས་ལ་བཀོད་འདོམས་བྱེད་ཀྱི་ཡོད།
བོད་རྙིང་པར་བྲོ་འཁྲབ་ནས་སློང་མོ་བ་བྱས།

        ཤུལ་བཞག་རྒྱུན་འཛིན་ཆེད་དུ་ལེགས་སྐྱེས་ཕུལ།
        1945ལོར་ཉི་མ་དབང་ཕྱུག་འཇུ་གྲོང་ཚོའི་ཞིང་བྲན་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ལོ་དགུ་ནས་བཟུང་ཕ་དང་དེ་བཞིན་དམངས་ཁྲོད་ཀྱི་བྲོ་དཔོན་བློ་བཟང་གི་ས་ནས་བྲོ་འཁྲབ་རྩལ་སྦྱོང་འགོ་ཚུགས། ཁོང་ལོ་25ལ་སླེབས་སྐབས་འཇུ་བྲོ་འཁྲབ་མཁན་གྱི་བྲོ་པར་གྱུར།
        བོད་རྙིང་པར་ཉི་མ་དབང་ཕྱུག་ཁྱིམ་གྱི་མི་རབས་གསུམ་གྱིས་བོད་ཀྱི་ས་ཕྱོགས་གང་སར་བྲོ་འཁྲབ་ནས་སློང་མོ་བ་བྱས་ཏེ་འཚོ་བ་འཁྱོལ་ཐབས་བྱས་ཡོད། སྤྱི་ཚོགས་རྙིང་པའི་སྐབས་སུ་བྲོ་འཁྲབ་མཁན་ནི་ལས་རིགས་དམན་པར་ངོས་འཛིན་བྱེད་ཀྱི་ཡོད།
        ཁོང་གིས“སྐབས་དེ་དུས་འཁྲབ་ཆས་དང་རྒྱན་གོས་གྲ་རྒྱས་ཤོས་ངས་མ་གཏོགས་གྱོན་ཆོག་གི་མེད་པ་དང་། བྲོ་པ་དཀྱུས་མས་གང་བྱུང་དུ་གྱོན་ཆོག་གི་མེད”ཅེས་བརྗོད། གནས་ཚུལ་དེ་ཚོ་སྔར་སོང་གི་ལོ་རྒྱུས་ཡིན་ནའང་བགྲེས་སོང་ཁོང་གིས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། དུང་ལྟར་དཀར་བའི་དབུ་སྐྲ་དང་གཉེར་མའི་རྩེག་རིམ་ལས་སྔར་སོང་ལོ་ཟླའི་འདས་དོན་མངོན་པ་ལྟར་སྣང་།
དུས་རབས་གསར་པར་འཇུ་བྲོའི་གསོན་ཤུགས་རྒྱས།

       ཤུལ་བཞག་ངོ་མཚར་མེ་ཏོག་རབ་ཏུ་བཞད།
       “བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། བྲོ་འཁྲབ་རྩལ་ཡག་པོ་ཡོད་པས་ང་རང་རྫོང་རིག་རྩལ་དྲིལ་བསྒྲགས་རུ་ཁག་ལ་བསྡུས་བྱུང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ངས་འཇུ་བྲོ་འཁྲབ་ནས་གང་སར་ཡོང་འབབ་གསོག་པར་འགྲོ་གི་ཡོད་པས། མཐར་མང་ཚོགས་ཁྲོད་ཀྱི‘གྲགས་ཅན་མི་སྣར’ཡང་གྱུར་སོང”ཞེས་སྒྱུ་རྩལ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ཉི་མ་དབང་ཕྱུག་གིས་སྤོབས་པ་ཆེན་པོས་བཤད།
       ད་ཆ་འཇུ་གྲོང་ཚོར་བྲོ་ཁྲིད་སྦྱོང་འཛིན་གྲྭ་ཡོད་པ་མ་ཟད། འབྲེལ་ཡོད་ཀྱི་སྲུང་སྐྱོང་གྲོན་དངུལ་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་ཡོད། ཉི་མ་དབང་ཕྱུག་ཀྱང་གཟི་བརྗིད་ཆེན་པོས་བྲོའི་རྒྱུན་འཛིན་པར་གྱུར་ནས་བྲོའི་སྒྱུ་རྩལ་རྒྱུན་འཛིན་དང་བྲོའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་བཞིན་ཡོད།

       གར་སྟེགས་ཆེན་པོར་སྒྱུ་རྩལ་ཉམས་འགྱུར་ངོམས།
       བགྲེས་སོང་ཉི་མ་དབང་ཕྱུག་གིས་རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པ་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཆེན་པོ་ལྡན་པའི་འཇུ་བྲོ་རྒྱུན་འཛིན་ཡག་པོ་བྱུང་བ་མ་ཟད། 2008ལོའི་ཟླ་2པར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2014ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1