ཞི་ཅིན་ཕིང་གིས་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-10



    ཟླ་4ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་རྒྱལ་ཡོངས་ཀྱི་ལས་འགོ་བསྐྱར་ཚུགས་ཐོན་སྐྱེད་སླར་གསོ་གནས་ཚུལ་གྱི་བརྟག་དཔྱད་སྙན་ཞུ་ལ་ཉན་པ་དང་། རྒྱལ་ཁབ་ཕྱི་ནང་གིས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་གཉེར་སྐྱོང་གི་རྣམ་པར་དབྱེ་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་དོན་འཁྱོལ་དང་། ཁྱོན་ཡོངས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་སྐུལ་འདེད་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་ཡོད། 
    ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་རིམ་རང་བཞིན་གྱི་ནུས་པ་ཐོན་པ་དེ་རིམ་གྱིས་སྲ་བརྟན་དུ་གྱུར་བ་དང་། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་ཡར་རྒྱས་ཆེན་པོ་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་བསྐྱར་གསོ་ཇེ་མགྱོགས་སུ་བྱུང་ཡོད། དུས་མཚུངས་སུ་རྒྱལ་སྤྱིའི་རིམས་ནད་རྒྱུན་མཐུད་ངང་མཆེད་པ་དང་། འཛམ་གླིང་དཔལ་འབྱོར་མར་ཆག་པའི་ཉེན་ཁ་ཇེ་ཆེ་ཡིན། བརྟན་བརླིང་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་མངོན་གསལ་ཆེན་པོའི་ངང་ཇེ་མང་དུ་འགྲོ་བཞིན་ཡོད། རང་རྒྱལ་ལ་རིམས་ནད་ནང་འདྲེན་འགོག་ཟོན་གྱི་གནོན་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་པ་དང་། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་ཡོད། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་རིམས་ནད་ཀྱི་གནས་ཚུལ་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཀྱི་མདུན་དུ་ང་ཚོས་མཐའ་ཚད་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་དུས་ཡུན་རིང་ཙམ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ལེགས་པོ་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཕྱི་ནས་ནང་དུ་འདྲེན་པར་འགོག་ཟོན་དང་ནང་ནས་བསྐྱར་དུ་མཆེད་པར་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ལྷོད་གཡེང་གཏན་ནས་གཏོང་མི་རུང་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན། རིམས་ནད་ལས་བྱུང་བའི་གྱོང་གུན་ཐེབས་ཚད་དམའ་ཤོས་སུ་གཅོག་གང་ཐུབ་བརྩོན་ལེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1