ཡུལ་ཤུལ་གྱི་བྱིས་པ102ཀྱི་ཨ་མ་ཧོ་ཅང་ཕིང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-15



    སྤྱི་ལོ2010ལོའི་ཟླ4ཚེས་14ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་རིམ་པ7.1བརྒྱབ་པའི་རྐྱེན་གྱིས། ཕྲུ་གུ་མང་པོ་ཞིག་ཕ་མ་མེད་པར་གྱུར། ས་ཡོམ་བྱུང་རྗེས་ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པས་གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས་ཡུལ་ཤུལ་གྱི་དྭ་ཕྲུག་བརྒྱ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དང་།  སྐབས་དེར་ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པའི་བྱིས་ཕན་འཚར་ལོངས་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པའི་ཧོ་ཅང་ཕེང་པེ་ཅིན་དུ་སླེབས་པའི་ཡུལ་ཤུལ་གྱི་དྭ་ཕྲུག་102དེ་དག་གི་ཨ་མར་གྱུར་ཅིང་།  དེ་ནས་སྤྱི་ལོ2019ལོའི་ཟླ་བ་5པའི་ཚེས་15(ཉིན་དེར་ཧོ་ཅང་ཕིང་སྐུ་གཤེགས།)བར་ཧོ་ཅང་ཕིང་བྱིས་པ་རྣམས་དང་ལྷན་དུ་པེ་ཅིང་གི་ཐེན་ཐུང་ཡོན་དུ་མཉམ་ཟ་མཉམ་འཐུང་གི་འཚོ་བར་རོལ།

    ཧོ་ཅང་ཕེང་ནི་དེ་སྔ་པེ་ཅིང་གི་སློབ་འབྲིང་ཞིག་གི་དགེ་རྒན་ཡིན་པ་དང་། སྤྱི་ལོ2006ལོར། ཁོང་མོར་འབྲས་སྐྲན་ནད་ཕོག་པས་དེ་ནས་ལོ་ངོ་བཞི་ཙམ་སྨན་བཅོས་ལུས་གསོ་གནང་དགོས་བྱུང་། དེ་ནས་ཅུང་དྲག་སྐྱེད་བྱུང་རྗེས་སྤྱི་ཕན་དགེ་སྒྲུབ་ལས་ལ་ཞུགས་པ་དང་། ཁོང་སྐུ་མ་གཤེགས་བར་སེམས་ནུས་དང་བརྩེ་བ་ཡོད་རྒུ་ཡུལ་ཤུལ་གྱི་བྱིས་པ་རྣམས་ཀྱི་ཆེད་དུ་གཏོང་གནང་མཛད་པ་དང་། ཡུལ་ཤུལ་གྱི་བྱིས་པ་རྣམས་ནས་ཀྱང་ཁོང་ལ་ཨ་མ་ཞེས་འབོད་ཅིང་། ཁོང་ཚོའི་སྙིང་ཉེ་ཤོས་ཀྱི་མིར་གྱུར།

     བྱིས་པ་དེ་རྣམས་ཀྱི་འགྲོ་འདུག་ཟས་གོས་ཚང་མར་ཧོ་ཅང་ཕིང་གིས་ལྟ་རྟོག་གང་ལེགས་གནང་བ་དང་། ཆུང་ཤོས་ལོ2ཙམ་དང་ཆེ་ཤོས་ལོ17ལ་སླེབས་པའི་བོད་རིགས་ཕྲུ་གུ་ཚོ་གསོ་སྐྱོང་ལེགས་པར་གནང་ཆེད་དུ། ཧོ་ཅང་ཕིང་གིས་རྟག་ཏུ་དང་བླངས་པ་དང་ལྷན་དུ་མཚན་མོ་ཕྱི་པོ་བར་ཕྱག་ལས་གནང་བ་དང་། ནམ་ཕྱེད་ཆུ་ཚོད་དང་པོ་གཉིས་པ་བར་ཕྱག་ལས་གནང་བ་ནི་རྒྱུན་རྣམ་ཞིག་རེད། ད་དུང་བྱིས་པ་རྣམས་ལ་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་དེ་བས་ལེགས་པ་བསྐྲུན་ཆེད། ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་བརྩོན་ལེན་གནང་བ་ཡང་རྒྱུན་རྣམ་ཞིག་རེད།

    ན་ནིང་གི་གྲངས་གཞིར་གཞིགས་ན། ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པས་རོགས་སྐྱོབ་བྱེད་པའི་ཡུལ་ཤུལ་གྱི་དྭ་ཕྲུག་ནང་སློབ་ཆུང་ལ་འགྲོ་མཁན41དང་། དམའ་རིམ་སློབ་འབྲིང་ལ་འགྲོ་མཁན23མཐོ་རིམ་སློབ་འབྲིང་ལ་འགྲོ་མཁན་19ཡུལ་ཤུལ་ལ་ལོག་པ22བཅས་ཡོད།

     ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པ་དང་། དེའི་གཤམ་གཏོགས་དགེ་སྒྲུབ་ཚན་པ་སྟེ། ཧོ་ཅང་ཕིང་གིས་འགོ་ཁྲིད་གནང་བའི་བྱིས་ཕན་འཚར་ལོངས་ལྟེ་གནས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་བསྡུ་རུབ་གནང་ནས། ཡུལ་ཤུལ་གྱི་བྱིས་པ་དེ་དག་གི་འཚོ་བའི་གྲོན་དངུལ་དང་། སློབ་ཡོན། དམིགས་བསལ་གྱི་འཚོ་བཅུད་གྲོན་དངུལ། ཡུལ་ཤུལ་ལ་ཕར་འགྲོ་ཚུར་འོང་བྱེད་པའི་གྲོན་དངུལ་བཅས་ཚང་མ་གཏོང་གི་ཡོད། ཁོ་ཚོའི་ཁྲོད་ཀྱི་སློབ་ཆུང་སློབ་མ་རྣམས་པེ་ཅིང་ཧའེ་ཏེན་ཕྱི་རྒྱལ་སྐད་ཡིག་ཚོད་ལྟའི་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་།  དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་རྣམས་པེ་ཅིང་སློབ་ཆེན་ཞོར་གཏོགས་ཚོད་ལྟའི་སློབ་གྲྭར་སློབ་སྦྱོང་བྱེད་ཀྱི་ཡོད། གཟའ་ཟླ་བ་ནས་པ་སངས་བར་བྱིས་པ་རྣམས་སློབ་གྲྭར་འགྲོ་དགོས་པས། བྱ་བ་མང་པོ་ཞིག་གཟའ་སྤེན་ཉིར་སྒྲུབ་དགོས་པས་ཧོ་ཅང་ཕིང་དང་ལས་རོགས་ཚོར་གཟའ་མཇུག་ལ་ངལ་གསོ་རྒྱག་ཁོམ་གཏན་ནས་མེད། ད་དུང་གཟའ་སྤེན་པར་ཞབས་བྲོའི་སློབ་ཚན་བཀོད་སྒྲིག་བྱེད་པ་དང་གཟའ་ཉི་མའི་ཕྱི་དྲོ་བོད་ཡིག་སློབ་ཚན་འཚོག་གི་ཡོད། 

     ཧོ་ཅང་ཕིང་སོགས་ཀྱི་ཐུགས་ཁུར་དང་སྐུལ་ལྕག་འོག   སྤྱི་ལོ2013ལོར་ཕྲུ་གུ19མཐོ་རིམ་སློབ་འབྲིང་ཐོན་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། སྤྱི་ལོ2016ལོར་ཕྲུ་གུ་བདུན་མཐོ་རིམ་སློབ་འབྲིང་ཐོན་ནས་སློབ་ཆེན་དུ་རྒྱུགས་འཕྲོད། སློབ་གྲྭ་ཆེན་མོ་ཐོན་པ་དེ་དག་ཕ་ཡུལ་ཡུལ་ཤུལ་དུ་ལོག་ཡོད་པ་རེད།   ལོ9ཡི་རིང་བྱིས་པ་དེ་དག་འཚོ་བ་ཡག་པོ་སྐྱེལ་རྒྱུ་དང་། སློབ་སྦྱོང་ཡག་པོ་ཡོང་བའི་ཆེད།  ཧོ་ཅང་ཕིང་ནས་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་དང་། ཁྱིམ་དུ་ཕྲུ་གུ་ཚོར་ལྟོ་ཆས་བཟོ་བ་དང་སྦྱོང་ཚན་ཟུར་ཁྲིད་གནང་བ་དང་།  ཕྲུ་གུ་ཚོ་མཐོ་རྒྱུགས་གཏོང་སྐབས།  ཁོང་གིས་ཁྱིམ་བདག་གཞན་དང་འདྲ་བར་རྒྱུགས་རའི་ཕྱི་རོལ་དུ་ལངས་ནས་ཡིག་རྒྱུགས་བཏང་ཚར་ནས་རྒྱུགས་རའི་ཕྱིར་འོང་མཁན་སློབ་མར་བྱམས་བརྩེའི་འཐམ་འཁྱུད་གནང་གི་ཡོད།

    ཧོ་ཅང་ཕིང་སྐུ་གཤེགས་ནས་ལོ་གཅིག་འཁོར་གྲབས་ཡོད་པའི་སྐབས་དང་ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་བཅུ་འཁོར་བའི་མཚམས་འདིར།   ང་ཚོས་ཧོ་ཅང་ཕིང་དང་ཧོ་ཅང་ཕིང་གི་ལས་རོགས་རྣམས་པས་བོད་རིགས་དྭ་ཕྲུག102ལ་བླ་ན་མེད་པའི་བྱམས་སྐྱོང་དང་ཐུགས་ཁུར་ཟབ་བཞེས་གནང་བ་དང་། ཁོང་རྣམ་པས་དེའི་ཆེད་དུ་སྐུ་ངལ་ཚད་མེད་སྤྱད་གནང་བ་བརྗེད་མི་སྲིད་ལ། ཁོང་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུའོ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1