བགྲང་བྱ་བཅུ་ཡི་རིང་ཡུལ་ཤུལ་བསྐྱར་སྐྲུན་བྱས་ནས་འཚོ་བ་གསར་པར་རོལ་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-16


     འདི་ལོ་ནི་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་ནས་ལོ་10འཁོར་བའི་ལོ་ཞིག་རེད། ལོ་10ཡི་གོང་གི་ས་ཡོམ་དེས་སྐད་ཅིག་ཉིད་དུ་རི་ཉིལ་ཞིང་ས་གས་ཏེ་སྐྱེ་བོའི་ཚོགས་རྣམས་སྡུག་བསྔལ་བཟོད་གླགས་བྲལ་བའི་གནས་སུ་བརྫངས་མོད། སེམས་ཁུར་དང་རོགས་སྐྱོར་ལས་སྐྱེ་བོ་ཚོས་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པའི་བློ་སྟོབས་ལ་ཞུན་བརྡར་ཆེན་པོ་ཞིག་ཐེབས། ལོ་10ཡི་རིང་ཡུལ་ཤུལ་བསྐྱར་སྐྲུན་བྱས་པ་དང་བསྟུན་ནས་རྣམ་པ་གསར་རྐྱང་ཞིག་མངོན་ཞིང་། 2019ལོར་གྲོང་ཁྱེར་དང་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་35167དང་སྒོར་9138སོ་སོར་ཟིན་པ་དང་། འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་96.1%བར་མཐོ་རུ་ཕྱིན་པ། མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ། ནད་གཞི་ཧ་ཅང་ཚབས་ཆེན་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཁྱབ་ཚད་100%ཟིན་པ་སོགས་རེད།
     བསྐྱར་སྐྲུན།
     ལག་གཉིས་ལ་བརྟེན་ནས་འཚོ་བ་གསར་པར་རོལ་འགོ་ཚུགས་པ།
     “ཡུལ་ཤུལ་གྱིས་ལོ་10ཡི་དུས་ཚོད་སྤྱད་དེ་བསྐྱར་སྐྲུན་བྱས་པས་ལོ་ཉི་ཤུ་སུམ་ཅུའི་མཆོང་སྐྱོད་བྱུང་ཡོད”འདི་ནི་མཚོ་སྔོན་ཡུལ་ཤུལ་ཡོམ་འགོག་གེགས་སེལ་རྟེན་རྫས་བཤམས་མཛོད་ཁང་གི་སྒྲོག་འགྲེལ་པ་ཚེ་རིང་དཔའ་མོས་ཡུལ་སྐོར་བར་ཤོད་མང་ཤོས་ཀྱི་སྐད་ཆ་ཞིག་རེད་ལ། ཁོང་གི་སེམས་ནང་གི་མྱོང་ཚོར་ཟབ་ཤོས་ཀྱང་རེད། “ལོ་10ཡི་གོང་གི་ས་ཡོམ་ལས་ཡུལ་ཤུལ་འདི་ཉིད་ཞིག་རོ་ལྟ་བུར་གྱུར། ད་ཆའི་ཡུལ་ཤུལ་འཕེལ་རྒྱས་ཡག་པོ་འདི་འདྲ་བྱུང་བ་སུ་ཡི་བསམ་བློར་ཡང་འཁོར་མྱོང་མེད”
     ཡུལ་ཤུལ་གྲོང་གསར་གྱི་མཛེས་སྡུག་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར། ཡུལ་ཤུལ་གྲོང་ཁྱེར་རིག་ལྡན་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས་ཆ་འཕྲིན་བསྡུ་རུབ་དང་། ཡིག་ཚགས་བཟོ་བ། ཞིབ་དཔྱད་དང་གྱོད་ཐག་གཅོད་པ་བཅས་ལ་དུས་ཐོག་ཏུ་རྗེས་སྙེགས་བྱེད་པ་དང་། འབོད་བརྡ་ལྟེ་གནས་དང་། བཀོད་འདོམས་ལྟེ་གནས། ཐབས་ཇུས་ལྟེ་གནས་བཅས་ཀྱི་ལས་བགོས་ཁ་གསལ་བཟོས་ཡོད་པ་མཐོང་ཐུབ། པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཡིན་པའི་ཡུལ་ཤུལ་གྲོང་ཁྱེར་རིག་ལྡན་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་2015ལོར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མིག་སྔའི་བར་མང་ཚོགས་ཀྱི་དོན་དག་སྣ་ཚོགས་ཁྲི་2ལྷག་ཙམ་བདག་སྤྲོད་བྱས་པ་དང་ཐག་གཅོད་བྱེད་ཚད་85%ཡན་ཟིན་ཡོད་པ་རེད།
     “རྒྱུན་གཏན་གྱི་གཉེར་སྐྱོང་སྲུང་སྐྱོང་ནས་ཡན་ལག་རྣམ་གྲངས་གསར་སྤེལ་བྱེད་པའི་བར་ཞབས་ཞུ་དང་གསོ་སྦྱོང་བྱས་པས་ང་ཚོའི་སྲིད་འཛིན་ལག་བསྟར་དང་། དམངས་འཚོའི་ཞབས་ཞུ། སྤྱི་ཚོགས་རོགས་སྐྱོབ་སོགས་ཐད་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་ཡུལ་ཤུལ་གྲོང་ཁྱེར་གྱི་ཧྲི་ཀྲང་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་བཤད། ཁོང་གིས“པེ་ཅིང་གི་རོགས་རམ་འོག་2016ལོར་ཡུལ་ཤུལ་འདི་ཉིད་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དུ་བདེ་བླག་ངང་བཏོད་པ་དང་ད་ཆ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་བརྩོན་ལེན་བྱེད་བཞིན་ཡོད་པས། འབྲོག་པ་མང་པོའི་འཚོ་བར་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་ཡོང་ངེས་རེད”ཅེས་བཤད།
     ཨ་ཕ་ནི་བསོད་ནམས་ཕུན་ཚོགས་ཀྱི་སེམས་ཀྱི་རྟེན་ས་རེད། ས་ཡོམ་རྒྱག་སྐབས་ཁོང་ཚོ་སྡོད་སའི་རོང་པོ་གྲོང་རྡལ་བདེ་ཆེན་གྲོང་ཚོར་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། སྡོད་ཁང་ཚང་མ་བརྡིབས་པ་མ་ཟད། དངུལ་ཡང་དེ་ཙམ་མང་པོ་ལྷག་མེད། ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་བསོད་ནམས་ཕུན་ཚོགས་བློ་བདེ་པོའི་ངང་སློབ་སྦྱོང་བྱ་རྒྱུ་ཡོང་ཆེད། ཨ་ཕས་སོ་ཕག་བཟོ་གྲྭ་བཙུགས་པ་དང་། ཁང་པ་རྒྱག་པ། རླངས་འཁོར་ཉམས་བཟོ་བཅས་བྱེད་མྱོང་ཡོད། ན་ནིང་ཁོང་ཚོ་སྲིད་གཞུང་ནས་མཁོ་འདོན་བྱས་པའི་སྡོད་ཁང་ནས་ཉི་གཡབ་དང་། འགྲེམས་སྟོན་ཁང་། ཚོམས་ཆེན་བཅས་ཡོད་པའི་ཐོག་ཁང་གསར་པར་སྤོས་པ་མ་ཟད། ད་དུང་རང་ཁྱིམ་གྱི་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་ནས་གཞོན་ནུ་16ལ་ལས་གནས་མཁོ་འདོན་བྱས་ཡོད།
     “ད་ཆ་འཚོ་བ་དེ་བས་ལེགས་སུ་ཕྱིན་ཡོད། འོན་ཀྱང་ཨ་ཕས་མྱངས་པའི་དཀའ་སྡུག་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཁོང་གིས་རྒན་གསོ་ཁང་དང་དཀའ་ངལ་ཡོད་པའི་དུད་ཚང་ལ་རོགས་སྐྱོར་བྱེད་པ་ནི་ང་ཚོའི་ངོས་ནས་བརྗོད་ན་སློབ་གསོ་ཡག་ཤོས་ཤིག་རེད”ཅེས་བསོད་ནམས་ཕུན་ཚོགས་ཀྱིས་བཤད།
     ས་ཡོམ་བརྒྱབ་པ་ནས་བཟུང་ཡུལ་ཤུལ་གྲོང་ཁྱེར་གྱིས་གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱས་པ་དང་ཞིང་འབྲོག་པའི་དུད་ཚང་16710ཡི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་22439ཡི་སྡོད་ཁང་ཚང་མ་བསྐྲུན་ཟིན་པ་དང་འབྲེལ་སྤོ་ཐུབ་ནས་གེགས་ཁུལ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་ཡོད། སློབ་གསོ་དང་། སྨན་བཅོས། རིག་གནས་ལུས་རྩལ། ཕན་བདེ་ཁང་། དྭ་ཕྲུག་ཁང་སོགས་ཁག་གཅིག་སྤྱོད་འགོ་ཚུགས་ཡོད། གཞན་ཡང་ཀྲོའུ་དང་རྫོང་གི་རིམ་གཉིས་སྣུམ་ནག་གཞུང་ལམ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཤང་དང་གྲོང་རྡལ་གྱི་གཞུང་ལམ་བཅུ་ཆ་དགུ་ཤར་གཏོང་ཐུབ་པ། འཕྲིན་གཏོང་ཁྱབ་ཚད་100%ཟིན་ཏེ་ས་ཁོངས་ཀྱི་ཉམས་འགྱུར་མངོན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཉམས་འགྱུར་ལྡན་པ་བཅས་ཀྱི་ཡུལ་ཤུལ་གསར་པ་ཞིག་གཙང་གསུམ་ཆུ་འགོར་འགྱིང་ངེར་གནས།
     དབུལ་སྒྲོལ།
     འབྱོར་འབྲིང་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པ་བྱས་པ།
     “སྲིད་གཞུང་གི་རོགས་སྐྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡག་པོ་ཡོད་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ” ཞིག་རོའི་ཁྲོད་ནས་བསྐྱབས་པའི་ལྷ་མོ་ནི་ཁོང་ཚོའི་ཁྱིམ་ནས་སྲོག་ཉེན་ལས་ཐར་བའི་མི་གཅིག་པུ་དེ་རེད། སེམས་བག་ཡངས་བའི་བུ་མོ་དེས་དབུལ་སྒྲོལ་ཐད“རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་དགོས་པའི་གནས་ལུགས”གསལ་པོ་ཤེས་ཀྱི་ཡོད། ད་ཆ་ལྷ་མོར་ཟླ་རེར་གླ་ཆ་སྒོར་9000ཙམ་ལེན་རྒྱུ་ཡོད།
     ནོར་བུ་གླིང་མི་རིགས་རྒྱན་གོས་ཀུང་སི་ནི་ཡུལ་ཤུལ་ཀྲོའུ་ཡི་མི་རིགས་རྒྱན་གོས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་ཞིང་། ལོ་ལྟར་དུས་བཀག་ནང་བོད་རིགས་ཀྱི་རྒྱན་གོས་བཟོ་སྟངས་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་། གྲུབ་འབྲས་ཕུལ་དུ་ཕྱིན་པ་རྣམས་འཁོར་ཁང་དུ་ལས་ཞུགས་བྱ་ཆོག་གི་ཡོད། གླ་ཆ་སྒོར་2500ཡོད་པའི་ཁར་གྱོན་ཆས་བཟོས་པའི་གྲངས་ཀ་གཞིར་བཟུང་གླ་ཆ་ཁ་སྣོན་རྒྱག་གི་ཡོད་པ་རེད། ལོ་10ཡི་རིང་ཀུང་སིས་རིམ་རྩིས་བྱས་ན་མི་ཐེངས་3000ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་ཞིང་འབྲོག་པ་དུད་ཚང་1200ལྷག་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་དཔལ་ལྡན་རྒྱལ་མཚན་གྱིས“ང་ཚོའི་ཐོན་རྫས་ལ་སྲོལ་རྒྱུན་གྱི་ལག་རྩལ་སོར་འཇོག་བྱས་ཡོད་ལ། དེང་རབས་ཀྱི་ཁྱད་ཆོས་ཀྱང་བསྡུ་ལེན་བྱས་ཡོད་པས། ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་པ་དང་ཐོན་རྫས་ཁག་གཅིག་རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཏུ་འཚོང་བཞིན་ཡོད”ཅེས་བཤད།
     2015ལོར་ཡུལ་ཤུལ་ཀྲོའུ་ཡིས་མི་འབོར་དབུལ་པོ་དུད་ཚང་ཁྲི་3.5དང་མི་ཁྲི་11.24གནད་སྨིན་དབྱེ་འབྱེད་བྱས་པ་དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་འབོར་དབུལ་པོའི་ལྔ་ཆ་གཅིག་ཟིན་པ་དང་ཞིང་ཆེན་དེ་ཡོངས་ནས་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་རེད།
     ཡུལ་ཤུལ་ཀྲོའུ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཞའོ་ཝུའེ་ཡིས། ཡུལ་ཤུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་མི་སེར་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཤིང་། ལོ་ལྔའི་རིང་རིམ་རྩིས་བྱས་ན། རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་18.71དོན་འཁྱོལ་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཆ་ཚང་42730ལག་བསྟར་བྱས་པ། མི་འབོར་དབུལ་པོ་ཁྲི་6.7དང་འབྲེལ་བ་ཡོད་པའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གྲྭ་ལེགས་གྲུབ་ཟིན་ཡོད་ཅེས་བཤད།
     གྲངས་གཞི་ལས་མངོན་པར་གཞིགས་ན། ཡུལ་ཤུལ་གྱི་མི་འབོར་དབུལ་པོ་དང་ཁྱིམ་ཚང་སྨན་པའི་དབར་གན་རྒྱ་བཞག་ཚད་དང་ལག་བསྟར་བྱེད་ཚད་100%ཟིན་ཡོད་པ་རེད། ལོ་ལྔའི་རིང་། མི་འབོར་དབུལ་པོ་མི་ཐེངས་3217ལ་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱས་པར་སྒོར་ཁྲི་1622བཏང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྨན་རིན་རྩིས་ཞུའི་བསྡུར་ཚད་90%ཟིན་པ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་མི་ཐེངས་77126ལ་སྒོར་ཁྲི་8295སྤྲད་ཡོད།
     དབྱང་ཞའོ་ཝུའེ་ཡིས“ང་ཚོས་དབུལ་པོ་དབུལ་རྐྱང་གཏན་ནས་མི་ལྷག་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད”ཡུལ་ཤུལ་ཀྲོའུ་ཡི་མི་འབོར་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་2970ནས་2019ལོའི་སྒོར་5200ཡན་བར་འཕར་བ་དང་དབུལ་པོར་འགྱུར་ཚད་2015ལོའི་ལོ་མཇུག་གི་34%ནས་2019ལོའི་ལོ་མཇུག་གི་3%ནང་ཚུན་དུ་ཆག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཁོར་ཡུག་སྲུང་སྐྱོང་།
     སྣོད་བཅུད་ལ་བརྟེན་ནས་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་ལག་ལེན་གསར་པ།
     “ཚེ་རྒྱལ་ན་ནིང་གཞི་ནས་སྣོད་བཅུད་བདག་སྐྱོང་བར་གྱུར་ཙམ་ཡིན་ནའང་སྲུང་སྐྱོང་ཁུལ་དུ་རྒྱུས་མངའ་ལོན་ཚད་བདག་སྐྱོང་བ་རྙིང་པ་ཞིག་དང་མཚུངས། དོན་དངོས་ཐོག་ཁོང་གི་ངོས་ནས་བརྗོད་ན། སྣོད་བཅུད་བདག་སྐྱོང་བ་ཞིག་བྱས་མིན་ལ་ཁྱད་པར་མེད། གང་ལགས་ཤེ་ན། དེ་གོང་ཁོང་གིས་འདབ་ཆགས་སྲུང་སྐྱོང་གི་བྱ་བ་སྒྲུབ་བཞིན་ཡོད”ཅེས་ཀྲན་ཀྲང་པ་སངས་ཚེ་རིང་གིས་བཤད།
     ས་སྐྱེས་རྡོ་སྐྱེས་ཀྱི་རོང་པོ་བ་ཞིག་ཡིན་པའི་ངོས་ནས་དེ་གར་འཚོ་སྡོད་བྱེད་པའི་བྱ་རིགས་ཚང་མ་ཚེ་རྒྱལ་གྱི་ཚེ་སྲོག་གི་ཆ་ཤས་ཤིག་རེད། ཆུང་དུས་ཕ་མེས་ཚོས“རྐང་རྗེན་མར་འདམ་ར་སྒྲོལ་བ་དང་སྦྲ་གུར་ཕུབ་ནས་འདབ་ཆགས་ལ་ལྟ་བའི”རྣམ་པ་དེ་ཁོང་གི་སེམས་ལ་ངེས་ཡོད། “འདབ་ཆགས་ཉུང་དུ་ཕྱིན་ན་མི་འགྲིག་པ་དང་། ཆུ་བོར་བཙོག་པ་ཤོར་ན་མི་འགྲིག་པ། འདམ་ར་སྐམ་ན་མི་འགྲིག་པ”ཞེས་པའི་བསླབ་བྱ་ཟབ་མོ་དེ་ཚེ་རྒྱལ་གྱིས་ལག་ལེན་དུ་འཁྱོལ་བ་བྱས་ཡོད། “ངས་ཡི་གེ་མི་ཤེས་པས་རིག་གནས་ཆུ་ཚད་མེད། འདམ་ར་དང་འདབ་ཆགས་རིགས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ང་ཚོ་ཚང་མ་འདབ་ཆགས་དང་ཁ་འབྲལ་ཐབས་མེད”ཅེས་ཚེ་རྒྱལ་གྱིས་བཤད།
     པ་སངས་ཚེ་རིང་གིས་གསར་འགོད་པར“ས་ཡོམ་རྗེས་རྒྱལ་ཡོངས་ས་ཁུལ་ཁག་གིས་ཡུལ་ཤུལ་ལ་རོགས་རམ་བྱས་པ་ངས་སེམས་གཏིང་ལ་བཅངས་ཡོད། ད་ཆ་དག་ཞིང་འདི་སྲུང་སྐྱོང་ཡག་པོ་བྱས་ཚེ་རང་ཉིད་ལ་ཕན་པ་ཡོད་པ་མ་ཟད། མེས་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་སྲུང་སྐྱོང་བྱེད་པར་ཡང་ལེགས་སྐྱེས་ཕུལ་བ་ཞིག་རེད”ཅེས་བཤད།

     “མིག་སྔར་ཡུལ་ཤུལ་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག བོད་རིགས་རིག་གནས(ཡུལ་ཤུལ)སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་སོགས་བཙུགས་པ་དེས་ཡུལ་ཤུལ་ལ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་པས། ང་ཚོས་ངེས་པར་དུ་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ལྕི་ཤོས་ལ་བརྩིས་ནས་བརྟན་སྲུང་ཡག་པོ་དང་། འགན་འཁྲི་ཆེ་ཤོས་ལ་བརྩིས་ནས་རང་འགན་གཙང་སྒྲུབ། དམངས་འཚོ་ཆེ་ཤོས་ལ་བརྩིས་ནས་འགན་ལེན་ཡག་པོ་བཅས་བྱེད་དགོས”ཞེས་ཡུལ་ཤུལ་ཀྲོའུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་རྡོ་རྒྱལ་གྱིས་བཤད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1