གླང་མདུན་སེ་པན་གྱིས་མང་ཚོགས་ལ་བག་ཆགས་ཆེན་པོ་བཞག་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-16


སྣང་རྫོང་གི་གླང་མདུན་སེ་པན་ཆེད་ལས་མཉམ་ལས་ཁང་གི་སྐོར་བཀོད་པ།

           སྣང་རྫོང་གི་གླང་མདུན་སེ་པན་ཆེད་ལས་མཉམ་ལས་ཁང་དུ་ལས་མི་ཚོས་སེ་པན་རྡུང་བ་དང་ཐུམ་རྒྱག་པ་སོགས་ཀྱི་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་མཆིས།

 ལས་མིས་སེ་པན་དབྱེ་བ་འབྱེད་བཞིན་པ།

           “ཟླ་བ་གསུམ་པ་དང་བཞི་པ་ནི་དྲོད་ཁང་ནང་གི་སེ་པན་སྨིན་པའི་དུས་ཚིགས་ཡིན་པས། ལོ་གཅིག་ནང་བྲེལ་བ་ཚ་ཤོས་ཀྱི་དུས་སུ་སླེབས་པ་རེད”ཅེས་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་རྒད་པོ་ཞིག་གིས་ལས་ཀ་ཚགས་ཚུད་པོ་བྱེད་པ་དང་འབྲེལ་གསར་འགོད་པར་དེ་ལྟར་བརྗོད།

           ཁོང་གི་མིང་ལ་ཕུན་ཚོགས་རྒྱལ་པོ་ཟེར་བ་དང་སྣང་རྫོང་གླང་མདུན་སེ་པན་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་རེད། 2009ལོར་ཕུན་ཚོགས་རྒྱལ་པོ་དང་གྲོང་ཚོའི་ནང་གི་གྲོང་མི་ཚོས་མཉམ་དུ་མ་དངུལ་སྒོར་ཁྲི་19བཏང་སྟེ་གླང་མདུན་སེ་པན་ཆེད་ལས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་གིས“ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱ་ཐབས་ལ་བརྟེན་ནས་སེ་པན་སྐམ་སིལ་དང་། དམར་འདུར། སྟར་ཁའི་སྣུམ་སོགས་ཀྱི་ཐོན་རྫས་བཟོ་གི་ཡོད།

           ཕུན་ཚོགས་རྒྱལ་པོས་གསར་འགོད་པར་བརྗོད་དོན། ལོ་འདི་དག་རིང་སྣང་རྫོང་གི་སེ་པན་འདེབས་འཛུགས་གཞི་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད། ཞིང་དུད་ཀྱི་སེ་པན་ཚོང་ལམ་རྒྱ་ཆེར་གཏོང་བ་དང་། མི་སེར་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། “གླང་མདུན་དམར”སྤུས་རྟགས་ཀྱིས་ཁྲོམ་ར་བཟུང་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད།  མཉམ་ལས་ཁང་གིས་ལོ་ལྟར་གྲོང་གསེབ་ཁག་ནས་ཁྲོམ་རའི་རིན་གོང་ལས་མི་དམའ་བར་སེ་པན་ཉོ་སྒྲུབ་བྱེད་ཀྱི་ཡོད།

ལས་མིས་སེ་པན་སྐམ་པ།

           “སེ་པན་སྐམ་པོ་རྒྱ་མ་གང་ལ་སྒོར་10དང་། དྲོད་ཁང་གི་སེ་པན་སོས་པ་རྒྱ་མ་གང་ལ་སྒོར་35ཡིན་ཞིང་། སེ་པན་སྐམ་པོ་སྐམ་སིལ་བཟོ་ཆོག་པ་དང་སེ་པན་སོས་པར་དམར་འདུར་བཟོ་ཆོག་པས། འཕྲོ་བརླག་འགྲོ་བའི་སེམས་ཁྲལ་མེད་ལ་ཚོང་ལམ་ལའང་སེམས་ཁྲལ་བྱེད་དགོས་མེད”ཅེས་ཕུན་ཚོགས་རྒྱལ་པོས་དགའ་ཚོར་ཆེན་པོས་བརྗོད།

           ང་ཚོའི་སེ་པན་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད་རྐྱེན། 2017ལོར་མཉམ་ལས་ཁང་གིས་སླར་ཡང་སྒོར་ཁྲི་156བཏང་ནས་བཟོ་ཁང་རྒྱ་སྐྱེད་བཏང་བ་དང་སྒྲིག་ཆས་གསར་པ་བརྗེས་ཏེ་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་བཏང་ཡོད།

           ད་ཆ། “གླང་མདུན་དམར”གྱི་སྤུས་རྟགས་སྔར་ལས་སྐད་གྲགས་ཆེ་བ་ཡོད་པ་དང་། ཐོན་རྫས་དེ་ཡང་ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་འདུས་དང་། ལྷོ་ཁའི་ཚོང་འདུས། ཉིང་ཁྲི་གྲོང་ཁྱེར་གྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་འདུ་ཚོགས་བཅས་ལ་བཏོན་ཡོད། 2019ལོར་མཉམ་ལས་ཁང་གི་ཐོན་རྫས་རིན་ཐང་སྒོར་ཁྲི་220ཟིན་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་67ཙམ་བྱུང་ཡོད།

           འདི་ལོ་ལོ་40ལ་སླེབས་པའི་ཡ་རབས་མཉམ་ལས་ཁང་དུ་ལོ་3ལས་ཀ་བྱས་ཏེ་ཐོན་རྫས་ཐུམ་སྒྲིལ་རྒྱག་པའི་འགན་གཙོ་བོ་འཁུར་གྱི་ཡོད། ཡ་རབས་ཀྱིས་གསར་འགོད་པར“དེ་སྔོན་ཡོང་འབབ་བརྟན་པོ་མེད་པས་ལས་ཀ་ཙག་ཙིག་དང་ཞིང་ལས་གཙོ་བོ་བྱས་ཏེ་རང་ཁྱིམ་གྱི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། མཉམ་ལས་ཁང་དུ་ཞུགས་རྗེས་ཟླ་རེར་གླ་ཆ་སྒོར་ཉིས་སྟོང་གསུམ་སྟོང་ཡོད་རྐྱེན་འཚོ་བ་ཡག་ཏུ་ཕྱིན་སོང”ཞེས་དགའ་ཚོར་ཆེན་པོས་བརྗོད།

           སླད་ཕྱིན་གྱི་འཆར་གཞིའི་སྐོར་གླེང་སྐབས། ཕུན་ཚོགས་རྒྱལ་པོས“ང་ཚོས་ཐོན་སྐྱེད་ཀྱི་ཐུམ་སྒྲིལ་སྔར་བས་ལེགས་སུ་གཏོང་བ་དང་། ཐོན་རྫས་སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་བཏང་སྟེ‘གླང་མདུན་དམར’གྱི་སྤུས་རྟགས་བོད་ནས་རྒྱལ་ཡོངས་ལ་ཁྱབ་པར་བྱས་ནས་མི་དེ་བས་མང་བས་ང་ཚོ་སྣང་རྫོང་གི་སེ་པན་སྤྱོད་ཐུབ་པ་མ་ཟད། མང་ཚོགས་ཀྱི་འཚོ་བ་སྔར་བས་ཇེ་ལེགས་སུ་འགྲོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་གདེང་ཚོད་ཆེན་པོའི་སྒོ་ནས་བརྗོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1