ཉག་ཆུ་རྫོང་མི་བཟང་ཡུལ་ཚོའི་འཕེལ་རྒྱས་ཀྱི་ཐབས་ལམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-16



        མི་ཉག་འདྲ་པ་ནི་དཀར་མཛེས་ཁུལ་རྟའུ་རྫོང་དང་ཉག་ཆུ་རྫོང་གི་བར་དུ་གནས་ཡོད་ལ། སྔར་མགར་ཐར་རྫོང་གི་ཁོངས་སུ་གཏོགས། 1978ལོར་མགར་ཐར་རྫོང་མེད་པར་བཟོས་ནས།  རྟའུ་རྫོང་གི་འདྲ་པ་ལ་འདྲ་པ་སྟོད་དང་ཉག་ཆུ་རྫོང་གི་འདྲ་པ་ལ་འདྲ་པ་སྨད་ཅེས་བགོས་ཡོད།


        མི་བཟང་ཤང་ཉག་སྟོད་གྲོང་ཚོ་དང་མགོ་དབུ་གྲོང་ཚོ་ནི་གོང་དུ་བཤད་པ་ལས་འདྲ་པ་སྨད་ཡིན་ལ།  སྲིད་འཛིན་ས་ཁུལ་བགོ་སྟངས་ཀྱི་ཆ་ནས་ད་ལྟ་ཉག་ཆུ་རྫོང་མི་བཟང་ཤང་གི་ཁོངས་སུ་གཏོགས།  འདྲ་པ་བ་གནས་སའི་ཡུལ་འདི་ནི་རི་མཐོ་གཡང་གཟར་དང་ལམ་གྱི་རྒྱང་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་དབང་གིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གནས་འདིར་འཚོ་བའི་མི་རྣམས་ལ་མཚོན་ན།  ཡུལ་གཞན་གྱི་བར་ལ་འགྲོ་འོང་དང་འབྲེལ་འདྲིས་ཉུང་ལ། གནས་འདིའི་ཡུལ་སྐད་དང་རིག་གནས་གོམས་སྲོལ་སོགས་ལའང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད།

       གཞན་ཡང་། མི་བཟང་ཤང་མགོ་དབུ་གྲོང་ཚོ་ནས་ཡུལ་ཚོ་དེ་གའི་མང་ཚོགས་ལ་འཚོ་གནས་ཀྱི་ཁོར་ཡུག་གཙང་དག་ཅིག་དང་། གྲོང་ཚོའི་མང་ཚོགས་ཕན་ཚུན་བར་འཆམ་མཐུན་གྱི་མཁའ་དབུགས་ཡག་པོ་ཞིག དེ་བཞིན་ཁྲིམས་དང་སྒྲིག་ལམ་སྲུང་ཞིང་དྲིན་གཟོའི་འདུ་ཤེས་དང་ལྡན་པའི་ཡ་རབས་ཁྱིམ་ཚང་རེ་རེ་སྐྱོང་ཆེད། བཟང་ཆ་བཞི་འཛོམས་ཀྱི་ཡ་རབས་ཁྱིམ་ཚང་འདེམས་པའི་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད། གནས་ཚུལ་རྒྱུས་ལོན་པ་ལྟར་ན།བཟང་ཆ་བཞི་འཛོམས་ཀྱི་ཡ་རབས་ཁྱིམ་ཚང་འདེམས་པར་ཆ་རྐྱེན་བཞི་འཛོམས་དགོས་ཏེ།གཅིག་ནས་ཁྱིམ་ཚང་གི་གཙང་སྦྲ་བཟང་བ།  གཉིས་ནས་ཁྱིམ་མཚེས་གཡས་གཡོན་དང་འབྲེལ་བ་བཟང་བ།  གསུམ་ནས་ཁྲིམས་དང་སྒྲིག་ལམ་བསྲུངས་པ་བཟང་བ།  བཞི་ནས་དྲིན་གཟོའི་འདུ་ཤེས་དང་ལྡན་པ་བཅས་བཞི་འཛོམས་དགོས་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1