ཞི་ཅིན་ཕིང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-16


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།
        ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70ཡི་རིང་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ལ་ལྷག་པར་དུ་ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”གི་གཡུར་ཟའི་གྲུབ་འབྲས་བཏོད་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཁྲོད་གཞོགས་འདེགས་དམ་ཟབ་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ས་ཁུལ་དང་གོ་ལ་ཧྲིལ་པོའི་དར་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལུགས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡར་ཕྱོགས་གཉིས་དང་། ས་ཁུལ། ཕྱོགས་མང་བཅས་ཀྱི་རིམ་ངོས་སུ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ངང་ལྡན་པ་དང་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། ཀྲུང་གོས་མུ་མཐུད་ཧིན་རྡུ་ཉི་ཞི་ཡ་དང་ཕྱར་བ་གྲུ་འདེགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན། ངས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གྱིས་ཙུང་ཐུང་ཙུའོ་ཁོ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ནང་དོན་གསར་པ་སྣོན་པ་དང་ས་ཁུལ་འཕེལ་རྒྱས་ཆེད་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
        ཙུའོ་ཁོས་རྟེན་འབྲེལ་གློག་འཕྲིན་ནང་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ཡུན་རིང་གི་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་ཐག་ལྡན་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་དང་སྤྱི་ཚོགས་ལས་རིགས་ཁག་དབར་སྤེལ་རེས་དམ་ཟབ་བྱས་ཏེ་མཛའ་གྲོགས་བརྟན་པོ་བཙུགས་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བས་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དེ་ནི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ཐོབ་པའི་ཐབས་ཇུས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་རེད། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་ཁྲོད་མཉམ་ལས་ཀྱི་གོ་སྐབས་ཟམ་མི་ཆད་པར་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པས་གནད་དོན་དེའི་ཐད་ཕྱོགས་གཉིས་པོར་སྤོབས་པ་བྱེད་རིན་ལྡན་ཡོད། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་འོག་ཕྱོགས་གཉིས་པོས་མཉམ་ལས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོ་ཟམ་མི་ཆད་པར་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1