བོད་ལྗོངས་ནག་ཆུའི་རི་གྲོང་ཆུང་ངུ་ནས་ཐོན་པའི“གསེར་གྱི་ཁྱུང་ཆེན།”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-17



          ལང་ཚོ་ནི་ཉི་འོད་དང་འདྲ་སྟེ། མི་ཞིག་གི་ཆེས་རྩ་ཆེ་བའི་ལང་ཚོ་ཇི་ལྟར་རོལ་དགོས་པའི་ཐད་ང་ཚོས་ཚེ་རིང་ཆོས་སྒྲོན་དང་མཉམ་དུ་ལང་ཚོ་གླེང་བར་བྱའོ། 
          ཚེ་རིང་ཆོས་སྒྲོན་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་བྲག་རྩ་ཤང་བྲག་ནག་གྲོང་ཚོར་སྐྱེས་པ་ཡིན་ལ། དེ་གར་ས་བབ་མཐོ་ཚད་སྨི4860ཟིན་པ་དང་ལོ་ཧྲིལ་བོར་གྲང་ངར་ཆེན་པོ་རྒྱག་པ་དང་མཐོ་གྲང་གསོ་རླུང་དཀོན་ཞིང་། ས་ཁུག་ལུང་ཀྱོག་ཏུ་གནས་པ། འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཡིན་ནའང“འཚོ་བའི་གནས་ཚུལ་ལ་རྒྱུས་མངའ་གསལ་པོ་མེད་པའི”ཐག་རིང་ལུང་ཁུག་གི་གྲོང་སྡེ་འདི་གར“གསེར་གྱི་ཁྱུང་ཆེན”ཞིག་བར་སྣང་བརྟོལ་པ་རེད། 
          ལང་ཚོའི་རྩ་བ་ནི་ནམ་ཡང་འབད་འཐབ་ཡིན་ཏེ། ཚེ་རིང་ཆོས་སྒྲོན་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་དང་ཕ་མ་གཉིས་ཀ་འབྲོག་པ་ཡིན་ལ། ཐོག་མར་སློབ་གྲྭར་སྐྱོད་སྐབས་ནང་མིས་ཁོ་མོ་སློབ་གྲྭར་གཏོང་འདོད་མེད་པར་ཁྱིམ་དུ་ཕྱུགས་འཚོ་རོགས་བྱེད་དུ་འཇུག་རྩིས་ཡོད། དེ་ལྟར་ནའང་སྟབས་ལེགས་པ་ཞིག་ལ་ཤང་སློབ་གསོ་ཅུས་ཀྱིས་ཁ་ཏ་བསླབ་བྱ་བྱས་མཐར་ཁོ་མོས་སློབ་རའི་སྒོ་ཐེམ་འགྲིམ་ཐུབ་པ་བྱུང་། སློབ་ཞུགས་རྗེས་ཀྱི་ཡིག་རྒྱུགས་དང་པོ་ནི་དེ་འདྲའི་བཟང་པོ་ཞིག་མིན་མོད། བུ་མོ་བརྩོན་སེམས་ཅན་དེས་དཀའ་སྤྱད་སྙིང་རུས་ཀྱིས་སློབ་སྦྱོང་ཧུར་བརྩོན་བྱས་ཤིང་རྨང་གཞི་བརྟན་པོ་བསྐྲུན་ནས“བཟང་པོ་གསུམ་ལྡན་སློབ་འབྲས”ཐོབ་ཡོད་པ་དང་། དེ་རྗེས་ཆོས་སྒྲོན་གྱི་སློབ་གཉེར་ལམ་བུ་དེ་ལམ་ལྷོངས་བྱུང་བ་མ་ཟད། རང་གིས་སྙེག་འདོད་པའི་སློབ་ཆེན་དུ་རྒྱུགས་འཕྲོད་པས་ཕ་མ་དང་གཉེན་ཉེའི་རེ་སྒུག་ཆུད་ཟོས་སུ་བཏང་ཡོད་པ་མ་རེད། ཁོ་མོས“ངའི་བསམ་པར་སློབ་ཆེན་འགྲིམ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་དེ་ལས་གལ་ཆེ་བ་ཞིག་ནི་ལང་ཚོའི་དུས་ཚོད་ལ་གཅེས་སྤྲས་ཡག་པོ་བྱས་ནས་རང་ཉིད་ཀྱི་ཕྱོགས་གང་ཅིའི་ཐད་མཐོར་འདེགས་གཏོང་པ། དུས་དང་རྣམ་པ་ཀུན་ཏུ་ཕ་མའི་བཀའ་སློབ་བློ་ལ་ངེས་རྒྱུ་དང་། དང་པོ་དགེ་རྒན་ལ་བརྩི་འཇོག་བྱེད་པ་དང་། གཉིས་ནི་ཉེ་འགྲམ་གྱི་མིར་རོགས་རམ་བྱས་ནས་སློབ་གྲོགས་དང་འབྲེལ་འདྲིས་ཡག་པོ་བྱེད་རྒྱུ། གསུམ་ནི་རང་ཉིད་ཀྱི་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དེ་རེད”ཅེས་དཔྱིད་ཀྱི་ལམ་བུར་སྔར་བཞིན་འདམ་རྫབ་ཀྱིས་ཁེངས་འདུག་མོད། གཞོན་དུས་སུ་འབད་བརྩོན་ལྷུར་ལེན་དང་རང་ནུས་ཅི་ཡོད་བཏོན་ཞིང་། མཚར་སྡུག་གི་མི་ཚེའི་གོ་རིམ་བརྒྱུད་པ་དང་།མི་ཚེའི་ཕུགས་འདུན་གྱི་ཡང་རྩེར་འགྲེངས་པ་ཡིན་ན་ང་ཚོས་གཞི་ནས་སླད་ཕྱིན་ཕྱིར་དྲན་བྱེད་སྐབས“ལང་ཚོར་འགྱོད་པ་མེད”ཅེས་པའི་གདེང་ཚོད་ཀྱི་སྒོ་ནས་བརྗོད་ཆོག་ཟེར། 
འདི་ནི་ཚེ་རིང་ཆོས་སྒྲོན་གྱིས་འབྲོག་རར་འོ་མ་བཞོ་བཞིན་པ་རེད། 
          ལང་ཚོ་ནི་རང་ནུས་ཅི་ཡོད་སྐྱེས་སུ་ཕུལ་བ་ལས་དོན་སྙིང་ལྡན་ཏེ། བཤད་རྒྱུན་ལའང“དགེ་བ་ཀུན་ལས་སྲི་ཞུ་བྱེད་པ་མཆོག”ཅེས་པ་བཞིན་ཕ་མར་སྲི་ཞུ་བྱེད་པ་ནི་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ཞིང་། ཚེ་རིང་ཆོས་སྒྲོན་ཁྱིམ་གྱི་བུ་མོ་ཆེ་བ་ཡིན་པའི་ཆ་ནས། ཁོ་མོས་བརྩེ་སེམས་དང་སྤྱོད་ལམ་དངོས་ཀྱི་སྟེང་ནས“སྲི་ཞུ”ཞེས་པ་འགྲེལ་བརྗོད་གསལ་པོ་གནང་གི་ཡོད། སློབ་གྲྭར་འགྲོ་རིང་ཕ་མས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འབྲོག་ཁུལ་དུ་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་ཀྱི་ཡོད་པ་དྲན་སྐབས་ཁོ་མོས་རྟག་ཏུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དམིགས་འབེན་མཐའ་འཁྱོངས་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཁོང་ཚོར་དྲིན་ལན་འཇལ་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད། གུང་གསེང་གཏོང་ཐེངས་རེར། ཁོ་མོ་འབྲོག་ཁུལ་དུ་ལོག་སྟེ་ཞོགས་པ་སྔ་པོ་ནས་ནང་མིར་ཁ་ལག་བཟོ་བ་དང་གཅུང་མོའི་འཚོ་བར་ལྟ་རྟོག་བྱེད་པ། སློབ་སྦྱོང་བྱེད་པ། འོ་མ་བཞོ་བ། རི་འགོར་ཕྱུགས་འཚོ་བར་འགྲོ་བ་སོགས་བྱེད་ཀྱི་ཡོད། གྲོང་ཚོའི་ནང་གི་མི་རྣམས་ལྟར་ན་ཐེངས་ཤིག་ཁོ་མོ་གཅིག་པུ་ཕྱུགས་ཏར་ཉིན་གསུམ་བསྡད་མྱོང་ཡོད། དེ་གར་ཆ་རྐྱེན་དཀའ་ཚེགས་ཆེ་ནའང་ཁོ་མོས་འཁང་རའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད་ཅིང་སེམས་ནང་དུ་སྐྲག་སྣང་གཏན་ནས་སྐྱེས་མྱོང་མེད་ཅེས་བཤད། ཅི་ཞིག་གི་དབང་གིས་ཉམ་རིད་ཀྱི་ཕྲག་པ་འདི་འདྲ་ཞིག་གིས་ཁྱིམ་ཚང་གི་ཁུར་ཆེན་དང་དུ་བླངས་པ་ཡིན་ནམ། ངའི་བསམ་པར་འཚོ་བའི་གནོན་ཤུགས་དང་དཀའ་ངལ། ནང་མིའི་མངགས་བཅོལ་དང་རེ་སྒུག་བཅས་ཀྱི་དབང་གིས་ཁོ་མོའི་གཟུགས་པོ་ཆུང་ཆུང་ནང་སྲ་ཞིང་བརྟན་པའི་བླ་སྲོག་ཅིག་ཞུགས་ཡོད་ཅིང་། དཀའ་ངལ་ལ་མི་སྐྲག་པར་ཞུམ་མེད་སྒོས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ལྡན་པ་རེད་དོ།
འདི་ནི་ཚེ་རིང་ཆོས་སྒྲོན་གྱིས་ཁྲིད་སྦྱོང་གནང་བཞིན་པ་རེད། 
          ལང་ཚོ་ཡིས་འབད་པ་བྱེད་འདོད་མཁན་གཅིག་ལའང་གྱོང་རེག་ཏུ་འཇུག་མི་སྲིད། ངས་ཚེ་རིང་ཆོས་སྒྲོན་གྱི་གཏམ་རྒྱུད་ཉན་རྗེས་སྐད་ཅིག་རིང་ལ་སེམས་པ་ལྷོད་ལ་འབབ་ཐབས་བྲལ་ཏེ། གང་ལྟར་ཡང་ཁོ་མོསས་འཚོ་བ་རྒྱུན་འཁྱོངས་དང་མི་ཚེར་འབད་བརྩོན་བྱས་པར་ཐོབ་འོས་པའི་གྲུབ་འབྲས་ཐོབ་འདུག “རྒྱལ་ཁབ་ཀྱི་སྐུལ་ལྕག་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་”དང“ཕུལ་བྱུང་སློབ་མ”“བོད་ཡིག་ཡིག་གཏག་ཕུལ་བྱུང་བྱ་དགའ”སོགས་བྱ་དགའ་སྣ་ཚོགས་ཀྱིས་ཁོ་མོའི་ཕུལ་བྱུང་གྲུབ་འབྲས་ལ་བདེན་དཔབ་བྱེད་ཐུབ། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞོན་ནུའི་དུས་དཀའ་སྡུག་མྱོང་རྒྱུ་བདམས་པ་ནི་གྲུབ་འབྲས་འཐོབ་རྒྱུ་བདམས་པ་ཡིན་ལ། བྱས་རྗེས་འཇོལ་རྒྱུ་བདམས་པ་ནི་བླ་ན་མེད་པ་བདམས་པ་རེད། གཞོན་ནུའི་དུས་སུ་སྦྱོང་བརྡར་དང་བར་ཆད། ཉམས་སད་བཅས་མང་ཙམ་བརྒྱུད་ན་ཚེ་གང་གི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུར་ཕན་ཐོགས་ཡོད”ཅེས་གསུངས་པ་རེད། མི་ཚེའི་བགྲོད་ལམ་ནི་ནམ་ཡང་བར་བགེག་མེད་པ་ཞིག་ཡིན་མི་སྲིད་དེ། མདུན་དུ་སྐྱོད་པའི་ལམ་དུ་ཚེར་མ་སྟུག་པོར་ཆགས་ཡོད་ངེས་ལ། དེ་ལ་སྤོབས་སེམས་ངར་ཤུགས་ཡོད་པ་ཡིན་ན། བགྲོད་ལམ་ལ་ཉེན་ཁ་ཆེ་ཞིང་རླུང་རླབས་ཆེ་བ་གང་ཡིན་རུང་། དེ་དག་ཚང་མ་ནི་རང་ཉིད་ཀྱི་ཐོལ་བརྒལ་ཞིག་རེད། དེ་བས་ན་ཚེ་རིང་ཆོས་སྒྲོན་གྱིས་ཕུགས་འདུན་གྱི་རྟ་ཕོར་བཅིབས་ཤིང་འབད་འཐབ་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བའི་ལོ་ཟླ་དེ་དག་ནི་ཁོ་མོའི་མི་ཚེའི་ནང་གི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་འགྱུར་ངེས་པས། ཁོ་མོའི་མ་འོངས་པའི་ལས་དོན་དང་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བར་སྨོན་འདུན་སྙིང་ནས་ཞུའོ།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1