༄༅།།ཤོ་བ་དགོན་པར་མཇལ་བའི་རེག་ཟིག

སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-17



མཚོ་ལྷོ། སྟག་རིག་འབྲུག་ཐར།
        བོད་ཁུལ་གྱི་དགོན་སྡེ་ཁག་དང་གནས་སྐོར་ཡུལ་ལྗོངས་ས་ཁུལ་གང་ཞིག་ལ་ཕྱིན་རུང་དུས་ཚིགས་ཁྱད་མེད་དང་དུས་ཚོད་ངེས་མེད་ལ་མཆོད་མཇལ་དང་ལྟ་སྐོར་གང་བདེར་བགྱིས་ཆོག་མོད། འོན་ཏེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བཱ་ཙེ་རྫོང་ཤོ་བ་ཞང་ཤོ་བ་དགོན་པའི་རྟ་མགྲིན་རང་བྱོན་ལ་མཆོད་མཇལ་དུ་འགྲོ་བར་ཟླ་རེའི་ཚེས་ཆེན་བཅོ་ལྔའི་ཉིན་མ་གཏོགས་མཆོད་མཇལ་གྱི་གོ་སྐབས་རེག་མི་ཐུབ་པ་རེད། གཏན་འཁེལ་གྱི་ཉི་མ་འདི་ལ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་ས་ཆ་སོ་སོའི་མཇལ་བ་བྱིངས་རླངས་འཁོར་དང་འཕྲུལ་རྟར་བསྡད་དེ་ཤྭ་འོད་བརྡོལ་བ་བཞིན་གནས་འདིར་མཆོད་མཇལ་ལ་ཟམ་མི་ཆད། དེ་ཡང་མདོར་དེད་ན་སྙིང་ཁམས་མི་བདེ་བའི་ནད་པ་ཉམ་ཐག་གཙོ་བྱས་འབྱུང་གཞི་འཁྲུག་པའི་མི་རྣམས་དགོན་པ་དེར་གཟས་ཏེ་མཆོད་མཇལ་ཞུས་ཚེ་སྙིང་ཁམས་ཇེ་བདེར་འགྲོ་བའམ་སྔར་ཡོད་ཀྱི་སྙུང་གཞི་མི་བདེ་བའི་ནད་རྟགས་དེ་མ་ཉིད་དུ་སེལ་འགྲོ་ཚུལ་བསྙད་པས། གནའ་ནས་ད་བར་དུ་ཕྱོགས་ཡོངས་ཀྱི་མཇལ་བ་རྣམས་དུས་ཚོད་མ་ནོར་ཞིང་གོ་སྐབས་འཆོར་མེད་སྒོས་ཤོ་བ་རྟ་མགྲིན་རང་བྱོན་ལ་མཆོད་མཇལ་དུ་འགྲོ་བ་རྒྱུན་འབྱམས་སུ་སོང་ཡོད། ཕ་མ་ཟུང་གིས་མི་ལོ་ལྔ་བཅུའི་རིང་དུ་རྨི་ལམ་གྱི་ས་བོན་སྦྲུམ་མཐར་ད་ལོར་གཞི་ནས་གནས་མཆོག་ཁྱད་པར་ཅན་ཤོ་བ་རྟ་མགྲིན་རང་བྱོན་ལ་མཇལ་བའི་རེ་འབྲས་སྨིན་ཞིང་།ལྷག་པར་དུ་ཕ་ལགས་ཀྱི་སྙིང་ཁམས་དེ་འདྲ་མི་བདེ་བའི་རྒྱུ་རྐྱེན་ལ་དམིགས་ནས2019ལོའི་དབྱར་ཁའི་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་བཟའ་མི་གང་བོ་མཉམ་གཅིག་ཏུ་ཀན་ལྷོའི་ཕྱོགས་སུ་ཆིབས་བསྒྱུར་གནང་།
        2019ལོའི་བོད་ཟླ7པའི་ཚེས་ཆེན15ཉིན་གྱི་ཐོ་རངས་སུ་ང་ཚོ་རླངས་འཁོར་ལ་བསྡད་དེ་ཀན་ལྷོ་གཙོད་གྲོང་ཁྱེར་ནས་ཤོག་དཀར་ངོས་སུ་སྣག་ཚས་ཐིག་འཐེན་པ་ལྟ་བུའི་གཞུང་ལམ་ཆེན་མོ་གཤགས་ཏེ་ཤར་ཅོ་ནེ་ཕྱོགས་སུ་བསྐྱོད་པ་ན། ང་ཚོ་དང་འདྲ་བའི་མཇལ་སྐོར་བ་མང་པོ་ཡང་ཕན་ཚུན་ལ་གྲོས་ཁ་བསྡུར་བ་ལྟར་རླངས་འཁོར་ཆེ་མ་ཆུང་གསུམ་ཇི་སྙེད་ཅིག་སུ་མགྱོགས་གང་མྱུར་སྒོས་རྟ་མཆོག་གི་བང་ཁ་འགྲན་པ་བཞིན་གཅིག་རྗེས་གཉིས་མཐུད་དུ་སྔུན་ལ་མཆོང་བཞིན་གདའ། རླངས་འཁོར་གྱི་སྒེའུ་ཁུང་ལས་གངས་རི་མཐོན་པོ་དག་གི་རྩེ་ལ་འཆར་ཀའི་ཉི་འོད་ཕོག་པ་ན་གསེར་བཙོ་མ་བཞིན་འོད་དུ་འཚེར་ཞིང་། སྤྲིན་དཀར་གྱི་རྦ་རླབས་བརྩེགས་པ་དཔག་ཚད་དུ་མའི་མཐའ་རུ་བརྐྱངས་པའི་བར་དག་ན་ཚང་ཚིང་ནགས་ཚལ་རབ་ཏུ་བཀྲ་བ་དང་རི་རྒྱལ་ལྷུན་པོ་དག་ཀེར་རེར་ཚར་དུ་དངར་བས་མཐོང་ལམ་དུ་མཐོ་སྒང་གི་ཡུལ་གྲུའི་ཁྱད་ཆོས་མ་ལུས་མངོན་པར་མཛེས། དམིགས་ཡུལ་དང་ལམ་ཐག་ཅུང་རིང་ན་ཡང་ཡབ་ཆེན་གྱིས་རང་གི་ཤེས་ཚོད་ཀྱིས་གནས་རི་གྲགས་ཅན་དང་ཨ་སྔོན་ཐང་ལ་ལྷུང་འདྲའི་མཐིང་མདོག་གི་རྩྭ་ཐང་། ལུང་མཐིལ་དུ་ལྷུང་ལྷུང་བཞུར་བའི་གྱ་མ་གྱུའི་ཆུ་བོ་སོགས་རྣ་ཐོས་གོ་ཐོས་ལྟར་དུ་ང་ཚོ་ལ་ངག་རྒྱུན་དང་སྦྱར་ནས་གནས་བཤད་ཐ་ཐོར་རེ་བགྱིད་བཞིན་དམིགས་ཡུལ་གྱི་ཕྱོགས་སུ་ཆས་པར་དངོས་གནས་དབྱར་ལྗོངས་ཀྱི་དུས་སུ་ཕྱི་རོལ་གྱི་འཇིག་རྟེན་ནི་བི་ཤྭ་ཀརྨའི་པིར་རྩེ་ལས་འཁྲུངས་པའི་མཛེས་རིས་འཇེབས་པོ་ཞིག་དང་འདྲ་བར་གཅིག་ལས་གཅིག་ལྷག་ཏུ་མིག་ལམ་ལ་མཛེས་སྡུག་གི་ཐ་སྙད་མང་པོ་གཅལ་དུ་བཀྲམ་བྱུང་། ང་ཚོ་རླངས་འཁོར་ལ་བསྡད་དེ་ལམ་འགྲམ་གྱི་མཐོ་དམའ་མངོན་པའི་རྣང་ཞིང་དང་རྣང་ཞིང་ལས་མངོན་པའི་ལོག་དཀར་མེ་ཏོག སྔར་སྲོལ་མ་ཉམས་པའི་དུད་ཚང་གི་བཀོད་པ་དང་སྡེ་འདབས་སུ་བཞེངས་པའི་མཆོད་རྟེན་དཀར་པོ། རི་སྒང་གི་ལབ་ཙེ་སོགས་ཡུལ་ལྗོངས་ངོ་མཚར་བ་དག་འདྲེན་བྱེད་ཀྱི་རྒྱན་དུ་བཀོད་དེ་ཀྱག་ཀྱོག་གི་གཞུང་ལམ་རིང་བོ་བརྒྱུད་མཐར། རི་ངོས་ཀྱི་ཨར་འདམ་ལམ་ཕྲན་དུ་རླངས་འཁོར་གྱི་ཚོགས་ནི་ཤོ་རྡེའུ་བསྒྲིགས་པའམ་ཕྲེང་ཐག་གཅིག་ལ་བསྟར་བའི་ཕྲེང་རྡོག་བཞིན་མུ་འབྲེལ་ནས་ཡོད་པས། མཐོང་བ་ཙམ་གྱིས་གྲོང་ཁྱེར་ཆེན་མོ་རུ་ལས་ཚོགས་གྲོལ་བའི་རྗེས་ཀྱི་གཞུང་ལམ་དཀྱིལ་དུ་གྲལ་ཤར་བསྟར་བའི་རླངས་འཁོར་ལྟར་ཧ་ལས་པའི་ཚུལ་དུ་མངོན། མ་གཞི་འདི་དག་ནི་དེ་རིང་ཚེས་ཆེན་བཅོ་ལྔ་ཉིན་ཤོ་བ་རྟ་མགྲིན་རང་བྱོན་ལ་མཆོད་མཇལ་དུ་སླེབས་པའི་མཇལ་སྐོར་བའི་ཚོགས་མ་ཡིན་ནམ། ང་ཚོ་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ནས་བཟུང་གྲལ་དུ་བསྟར་བའི་རླངས་འཁོར་གྱི་རྗེས་བསྙེགས་ནས་གོམ་པ་འགའ་ཙམ་འགའ་ཙམ་ནུར་ཏེ་ཕར་དཀྱོགས་ཚུར་དཀྱོགས་ཀྱི་རི་མགོར་བུད་པ་ན། ད་དུང་དགོན་པ་དང་བར་ཐག་རིང་བོ་ཆོད་པའི་ལམ་ཕྲན་གྱི་སྟེང་དུ་རིགས་སྣ་མང་བོའི་རླངས་འཁོར་ནི་རྒྱུ་མ་ཕུ་འདེད་ལྟར་མདུན་ཕྱོགས་སུ་ཡུན་གྱིས་བགྲོད་ཀྱིན་མཆིས། འདི་ལྟར་དད་གུས་དང་སྨོན་འདུན་གཙང་མ་ཉར་ཏེ་རིམ་བཞིན་སོང་མཐར་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་དུ་ང་ཚོ་ད་གཟོད་ལྗང་ཏིག་ཏིག་གི་རི་སྒང་ཆུང་ངུ་རྒྱབ་རི་བགྱིས་པའི་ཤོ་བ་དགོན་པའི་འདབས་སུ་བརྟོལ། ཕ་མ་གཉིས་ཀྱིས་བརྗིད་ཆགས་ཚན་ཁ་འབར་བའི་ཤོ་བ་དགོན་པའི་ཕྱིའི་བཀོད་པ་མཐོང་མ་ཐག་མྱུར་དུ་མགོའི་ཞྭ་ཕུད་ཅིང་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་མ་ཎི་ཡིག་དྲུག་གི་གསོལ་འདེབས་ལན་གསུམ་བཏབ་ནས་དགོན་པའི་ཕྱོགས་སུ་གོམ་ཁ་བསྒྱུར་པ་ན། མཇལ་བའི་ཚོགས་ནི་སྤྲིན་གྱི་འདུ་འགོད་བཞིན་འཚང་ཁ་ཤིག་ཤིག་ཏུ་ལ་ལས་བསང་ཁུང་དུ་བསང་ཕུད་པ་དང་། ལ་ཤས་ཀྱིས་མཆོད་མེའི་བསྒྲོན་སྟེགས་སུ་མཆོད་མེ་འཇོག་པ། ཡང་འགའ་ཤས་ཀྱིས་ལག་ཏུ་ཕྱག་ཕྲེང་བཟུང་ཞིང་ཁ་ནས་མ་ཎི་འདོན་ཞོར་སྐོར་བ་ལ་བྲེལ་བ་དང་། མཇལ་བ་ཁ་ཤས་ཀྱིས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ལག་ཟུང་སྙིམ་པ་གཏད་དེ་མིག་ཟུང་བཙུམ་ནས་སྐྱབས་འཇུག་ཞུ་བཞིན་ཡོད་ལ། མཇལ་བ་མང་ཤོས་ཟངས་དམར་གྱི་སེང་གེ་གཉིས་ཡོད་པའི་ལོགས་གཉིས་སུ་གྲལ་ཤར་རིང་བོ་བསྒྲིགས་ཏེ།ལ་ལ་མཆོད་མཇལ་ཚར་ནས་ཕྱི་རུ་འཚང་ཁ་ཤིག་ཤིག་གིས་རྡོག་ཐོན་དུ་ཕེབས་པ་དང་། ལ་ཤས་ཀྱིས་ཁ་བཏགས་དང་ཤོག་སྒོར་ལག་ཏུ་ཐོགས་ཏེ་འདུ་ཁང་ཕྱོགས་སུ་མཆོད་མཇལ་ལ་རེམ་པ་ནི་གྲམ་གཞུང་དུ་ལྷོག་ལྷོག་བརྡོལ་བའི་ཤྭ་འོད་དང་གཉིས་སུ་མ་མཆིས། ཟང་ཟིང་གི་རྣམ་པ་འདིས་ཤོ་བ་དགོན་པ་ནི་ཨ་མདོ་ས་ཁུལ་དུ་མཚན་སྙན་གྲགས་དབྱར་རྔ་ལྟར་ལྡིར་ལ། ཁྱད་པར་དུ་རྟ་མགྲིན་གྱི་སྙན་པ་དེ་བས་ཀྱང་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་ར་སྤྲོད་བགྱིད་ཐུབ།
        ཤོ་བ་དགོན་པ་ནི་ཨ་མདོའི་ས་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན་ཞིང་། སྤྱི་ལོ1685ལོར་ཤོ་བར་སྐུ་འཁྲུངས་པའི་ཨ་ལགས་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་ཡིས་ཨ་མདོ་ས་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་ལྷ་སར་མཇལ་སྐོར་ལ་འགྲོ་བའི་འདོད་བློ་སྐོང་ཆེད་དང་། རྒྱལ་དབང་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་རྒྱ་མཚོའི་བཀའ་གསུང་ལྟར་ལྷ་སའི་སེ་ར་དགོན་པ་དཔེ་བླངས་ཏེ་ཤོ་བ་མཁས་གྲུབ་གླིང་དང་རྟ་མགྲིན་གྱི་ལྷ་ཁང་འདི་བཞེངས་པ་རེད།
        ང་ཚོས་ཀྱང་ཕ་ཡུལ་ནས་བསྣམས་པའི་བསང་རྩི་བསང་ཁུང་དུ་ཕུལ་ཞིང་། མཆོད་མེ་བདུན་ཚར་ཅིག་བཞག་སྟེ་གྲལ་དུ་བསྒྲིགས་ནས་ཤོ་བ་རྟ་མགྲིན་རང་བྱོན་ལ་མཇལ་བར་དད་པས་སྒུག དུས་ཡུན་ཅུང་ཙམ་འགོར་རྗེས་གཞི་ནས་འདུ་ཁང་གི་ནང་དུ་བསླེབས་ཤིང་རྟེན་དང་བརྟེན་པ་རེ་རེ་ལ་མཇལ་ཏེ་མདུན་ཕྱོགས་སུ་བསྐྱོད་པ་ན། ངོ་མཚར་ཞིང་ལྟ་ན་སྡུག་པ། རྔམ་ཞིང་བརྗིད་པའི་རྟ་མགྲིན་གྱི་སྨན་སྐུ་རང་བྱོན་གྱི་གམ་དུ་བཅར་བར་ཕ་ལོ་ལགས་ཀྱིས་པུས་མོའི་སླ་ང་ས་ལ་བཙུགས་ཏེ་དད་པའི་སྤུ་ལོང་གཡོ་བཞིན་གསོལ་འདེབས་ཀྱི་ཆོས་སྒྲ་སྒྲོག་ཅིང་སྐྱབས་འཇུག་གི་ཞུ་རྟེན་འབུལ་བར་ང་ཚོ་ལའང་རང་དབང་མེད་པར་རྟེན་སྐུ་བྱིན་ཅན་གྱིས་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་སྐྱབས་སུ་འཛིན་པ་ལྟ་བུའི་བདེ་དྲོད་ཅིག་སྤྱི་གཙུག་ནས་རྐང་མཐིལ་བར་དུ་རྒྱུ་བྱུང་ལ། རང་དབང་བྲལ་བར་མགོ་བོ་དུད་ཅིང་དད་པའི་མིག་ཟུང་བཙུམ་སྟེ་གསོལ་བ་བཏབ་པ་དང་གུས་ཕྱག་ལན་གསུམ་ཕུལ་ཏེ་སྐྱབས་འཇུག་ཡང་ཡང་ཞུས།
        མདོ་སྨད་ཕྱོགས་ཀྱི་གནས་འགངས་ཆེན་ཤོ་བ་རྟ་མགྲིན་རང་བྱོན་འདི་ཉིད་སྙན་པའི་གྲགས་པ་ཕྱོགས་ཀུན་ལ་ཁྱབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དགོན་འདིའི་རྟ་མགྲིན་ནི་བཞེངས་སྐུ་མ་ཡིན་པར་རང་བྱོན་ཡིན་པས་སོ།། དེ་ཡང་སྔོན་བྱུང་ལོ་རྒྱུས་ལྟར་ན་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་ལྷ་སར་ཕེབས་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་ཕྱིར་ཕ་ཡུལ་ཕྱོགས་སུ་ཕེབས་གྲབས་གནང་སྐབས་རྒྱལ་དབང་ལྔ་བ་ཆེན་པོས་ཁོང་ལ་རྟ་མགྲིན་གྱི་སྐུ་བརྙན་རང་བྱོན་དུ་བབས་ཡོད་པའི་རྡོ་རྟེན་ཁྱད་པར་ཅན་ཞིག་གནང་བ་རེད། ཁོང་གིས་རྡོ་རྟེན་ཁྱད་པར་ཅན་དེ་གཙིགས་མཐོང་ཆེན་པོའི་ངང་ཕ་ཡུལ་འདིར་གདན་དྲངས་པར་མ་ཟད། གནས་འགངས་ཆེན་དུང་དཀར་གཡས་སུ་འཁྱིལ་བའི་གནས་སར་ལྷ་ཁང་འདི་བཞེངས་པ་རེད། དུས་དེར་ཁོང་གིས་སྨན་སྐུ་བཟོ་བ་སྐད་གྲགས་ཅན་དག་གནས་འདིར་གདན་འདྲེན་ཞུས་ནས་རྡོ་རྟེན་ཁྱད་པར་ཅན་དེ་གཟུངས་བཞུགས་ལ་བཞུགས་སུ་གསོལ་ཏེ་རྟ་མགྲིན་གྱི་སྨན་སྐུ་བཞེངས་མགོ་བརྩམས། བཤད་རྒྱུན་ལྟར་ན་བཟོ་བ་རྣམས་ཀྱིས་ཐེངས་མང་པོར་བཟོས་རུང་ལེགས་འགྲུབ་མ་བྱུང་བས་ཅི་བྱ་གཏོལ་མེད་དུ་དུས་ཡུན་ཅུང་ཙམ་ལ་བཟོ་མཚམས་མི་འཇོག་ཀ་མེད་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་བཟོ་བ་རྣམས་ཉིན་ཕྱེད་ལྷག་ཙམ་འགྱངས་རྗེས་སླར་ཡང་བཟོ་གནས་སུ་ཕྱིན་ཏེ་མུ་མཐུད་དུ་བཟོ་གྲབས་བྱེད་སྐབས་ཁོ་ཚོའི་མིག་ལམ་དུ་ངོ་མཚར་ཞིང་ལྟ་ན་སྡུག་ཅིང་། རྔམ་ཞིང་བརྗིད་པའི་རྟ་མགྲིན་གྱི་སྨན་སྐུ་ཆེས་ཁྱད་དུ་འཕགས་པ་ཞིག་མ་བཟོས་རང་གྲུབ་ཏུ་བྱོན་འདུག་པ་འཆར་བས་དེར་འདུས་ཚང་མ་ཧ་ལས་ཤིང་ཧང་སངས་སོང་། དུས་དེ་ནས་བཟུང་ཤོ་བ་རྟ་མགྲིན་རང་བྱོན་ཞེས་སྙན་པའི་དུང་སྐད་ས་སྟེང་འདིར་ལྷང་ལྷང་དུ་ཁྱབ་བོ། །
        ལོ་ངོ་སུམ་བརྒྱ་ལྷག་གི་རིང་འདིར་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་མཇལ་སྐོར་པའི་རྒྱུན་ཆད་མ་མྱོང་ལ། ཁྱད་པར་དུ་རྟ་མགྲིན་རང་བྱོན་གྱི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ཉམ་ཐག་ནད་པ་ཇི་སྙེད་ཅིག་ནད་རིགས་ཀྱི་རྒྱ་ལས་གྲོལ་སོང་བ་སོགས་འགྲོ་དོན་བླ་ན་མེད་པ་མཛད་པ་དང་བྱིན་རླབས་བསམ་གྱིས་མི་ཁྱབ།
        ང་ཚོས་རྟེན་གྱི་བཀོད་པ་རེ་རེར་ཡིད་སེམས་གཉིས་ཀ་རྗེན་པར་བཏོན་ནས་མཆོད་མཇལ་མཇུག་རྫོགས་རྗེས།ཕྱི་སྐོར་དུ་ཕྲེང་བར་བསྟར་བའི་མ་ཎི་ཟངས་འཁོར་སྐོར་བཞིན་སྐོར་བ་གྲངས་མེད་ཅིག་བརྒྱབ་པ་དང་། ཕྱི་ནང་གཉི་གའི་མཆོད་མཇལ་བའི་འདུ་ལོང་རྒོད་པོ་རེ་ཞིག་འཇགས་པའི་གླགས་དང་བསྟུན།རྣམ་དག་དད་བཀུར་གྱི་སྨོན་ལམ་གཙང་མའི་རྒྱུན་དང་འགྲོགས་ཏེ་འབྲལ་མི་འདོད་པའི་ལྷད་མེད་ཀྱི་བརྩེ་བ་ཞིག་ལ་བཞིབས་ནས།ཕྱི་མིག་ཡང་ཡང་འཕེན་བཞིན་འཆར་གཞིའི་གནས་སྐོར་ག་ལ་བ་དེར་དམིགས་ཏེ་ཕྱི་ལམ་དེད་ནས་ཤར་རེར་བསྐྱོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1