༄༅།།དགེ་རྒན་གྱི་འཚོ་བ་སྐྱེལ་སྟངས་ལ་བཅོས་བསྒྱུར་བྱེད་དགོས་པའི་སྐོར།

སྐལ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-17



ཀྲུའུ་ཡུང་ཞུན་གྱིས་བརྩམས། སྐལ་བརྟན་གྱིས་བསྒྱུར།
        སློབ་གསོ་གསར་པས་བརྩོན་ལེན་བྱེད་དགོས་པའམ་བཅོས་བསྒྱུར་བྱེད་དགོས་པ་ལ་བཞི་ཡོད་ཅིང་། དེ་དག་ནི་སློབ་མའི་འཚོ་གནས་ཀྱི་སྣང་ཚུལ་ལ་བཅོས་བསྒྱུར་བྱེད་པ་དང་། དགེ་རྒན་གྱི་འཚོ་བ་སྐྱེལ་སྟངས་ལ་བཅོས་བསྒྱུར་བྱེད་པ། སློབ་གྲྭའི་འཕེལ་རྒྱས་རྣམ་པར་བཅོས་བསྒྱུར་བྱེད་པ། “སྲོལ་རྒྱུན་སློབ་ཁྲིད་བཅོས་བསྒྱུར་དང་སློབ་གསོའི་ཞིབ་འཇུག་གི་རྣམ་པར་བཅོས་བསྒྱུར་བྱེད་པ”བཅས་ཡིན། བཅོས་བསྒྱུར་དེ་དག་གི་དམིགས་འབེན་ནི་དགེ་སློབ་གཉིས་ཀྱིས་སྤྲོ་སྣང་ལྡན་ཞིང་ཆ་ཚང་བའི་སློབ་གསོ་ཞིག་མྱང་རྒྱུ་དེའོ། །
        དེ་སྔོན་ཞིག་ལ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་མགོ་ཁྲིད་ཅིག་གིས་བདག་ལ་འདི་ལྟར་ཀུ་རེའི་ཚུལ་དུ་བཤད་མྱོང་། ཧྥེ་གླིང་གི་བྱིས་པ་དག་གི་འཚོ་བའི་ཚུ་ཚད་ནི་ང་ཚོའི་བྱིས་པ་དག་དང་གཏན་ནས་བསྡུར་ཐབས་མེད་ན་ཡང་། ཁོ་ཚོའི་གདོང་ལ་ལྷད་མེད་འཛུམ་མདངས་ཀྱིས་ཁེངས། དེ་ལས་ལྡོག་སྟེ་ང་ཚོའི་བྱིས་པ་ཚོ་དགོད་ཀྱང་མི་ཤེས། དེ་ནི་སྐར་འབྲས་དང་ཡིག་རྒྱུགས། ད་དུང་འཕྲུལ་ཆས་ལྟ་བུའི་བསྐྱར་ཟློས་ཡང་ཟློས་ཀྱི་སྦྱོང་བརྡར་སྣ་ཚོགས་ཀྱིས་གནོན་ཤུགས་སྤྲད་ནས་བྱིས་པ་ཚོའི་འཛུམ་མདངས་བཅོམ་སོང་བས་རེད་ཟེར། སློབ་མར་དགའ་སྤྲོ་མེད་པ་དང་དགེ་རྒན་ལ་ཡང་སྤྲོ་སྣང་མེད་པས། སློབ་གྲྭས་ང་ཚོར་སྤྲོ་སྣང་ཅི་ཡང་སྟེར་ཐུབ་ཀྱིན་མེད་པ་ཤེས་སླ། སློབ་སྦྱོང་ནི་མ་གཞི་སྤྲོ་སྣང་ལྡན་པའི་བྱ་འགུལ་ཞིག་ཡིན་མོད། སློབ་སྦྱོང་གིས་ང་ཚོར་སྤྲོ་སྣང་དང་དྲོད་ཁོལ་སྐྱེལ་མི་ཐུབ་ཚེ། དེ་ནི་དགོས་པ་ཆུང་བའི་སློབ་གསོ་ཞིག་ཏུ་གྱུར་ཡོད།
        སློབ་གསོ་གསར་པའི་ལག་ལེན་གྱི་གཏན་ཚིགས་རིགས་པའི་མགོ་རྩོམ་ས་ནི་དགེ་རྒན་གྱི་འཕེལ་རྒྱས་སམ་ཡང་ན་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཡིན། དགེ་རྒན་གྱི་འཕེལ་རྒྱས་ནི་སློབ་གྲྭའི་འཕེལ་རྒྱས་ཀྱི་མགོ་འཛུགས་ས་ཡིན་པ་འདིར་གནས་ལུགས་ངེས་ཅན་ལྡན་པར་འདོད། དེང་སྐབས་སློབ་གྲྭ་མང་ཆེ་བའི་ལས་ཀའི་གཙོ་གནད་ནི་སློབ་མའི་སྟེང་ལ་བབས་ནས། “ཡོད་ཚད་སློབ་མའི་ཆེད་དུ” ཟེར་བ་དང་། “སློབ་མའི་ཡོད་ཚད་ཀྱི་ཆེད་དུ”ཟེར་བ། ད་དུང“སློབ་མ་ཡོད་ཚད་ཀྱི་ཆེད་དུ”ཟེར་གྱིན་འདུག འོན་ཀྱང་ང་ཚོས་དེ་ལ་འགྱུར་བ་བཏང་ནས། “ཡོད་ཚད་དགེ་རྒན་གྱི་ཆེད་དུ” དང་། “དགེ་རྒན་གྱི་ཡོད་ཚད་ཀྱི་ཆེད་དུ།” ད་དུང “ དགེ་རྒན་ཡོད་ཚད་ཀྱི་ཆེད་དུ” ཞེས་པར་བསྒྱུར་ན་ག་འདྲ་ཡིན་ནམ། སློབ་གྲྭའི་དོ་དམ་གཞུང་ལུགས་འདུས་པའི་སྲོལ་རྒྱུན་གྱི་སློབ་གསོའི་གཞུང་ལུགས་ཁྲོད་དུ་དགེ་རྒན་ནི་ལག་ཆ་ལྟ་བུ་ཤིག་ཏུ་བལྟས་ཡོད་པ་དང་། སློབ་མ་ནི་ད་གཟོད་རིན་ཐང་ལྡན་པ་དང་སྲོག་ཤིང་ལྟ་བུ་ཡིན་པར་འདོད། དགེ་རྒན་ནི་སློབ་མའི་ཆེད་དུ་འཚོ་རུང་བ་དང་། སློབ་མ་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བ་དང་སློབ་མའི་མདུན་ལམ་ལ་འོད་སྣང་སྒྲོན་ཆེད་དགེ་རྒན་ནི་ཞག་སྒྲོན་ལྟར་རང་ཉིད་དུས་གཏན་དུ་སྦར་ནས་བཞུ་ཆོག་པ་དང་། དར་འབུ་བཞིན་དུ་ཚེ་སྲོག་གཞན་དོན་དུ་ཟད་དགོས་པ་ཉིད་དུ་བལྟ།
        དོན་དངོས་སྟེང་སློབ་གྲྭའི་དོ་དམ་གྱི་རྣམ་ཤེས་དང་སྲོག་ཤིང་ལྟ་བུ་ནི། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཀྱིས་སློབ་གྲྭའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། དེས་སློབ་མའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ་དེ་ཡིན། གལ་ཏེ་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཟེར་བ་ཞིག་མེད་ན་སློབ་མའི་འཕེལ་རྒྱས་ཟེར་བ་ཞིག་ཀྱང་ཡོད་མི་སྲིད་ལ། དགེ་རྒན་ལ་སྤྲོ་སྣང་མེད་པ་ཡིན་ཚེ་སློབ་མར་ཡང་སྤྲོ་སྣང་ཡོད་མི་སྲིད། དཔེར་ན་ང་རང་ཉིད་ནི་མི་སྤྲོ་སྣང་མེད་པ་ཞིག་ཡིན་ཚེ་ངས་ཁྱེད་རང་སྤྲོ་སྣང་ལྡན་པ་ཞིག་ཏུ་ཇི་ལྟར་གཏོང་ངམ།
        གལ་ཏེ་དགེ་རྒན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་སློབ་གསོར་གདོང་ལེན་བྱེད་མི་ཐུབ་པ་དང་ཡང་ན་ཉིན་རེར་སློབ་གསོའི་བྱ་གཞག་ལ་སེམས་ཀྱིས་བལྟ་མི་ཐུབ་ཚེ། སློབ་གསོའི་བྱ་གཞག་ལ་སྐྱོན་ཆ་ཅི་རིགས་ཀྱིས་བསྒོ་བ་ངེས་གཏན་ཡིན་སྙམ། དེ་བས་སློབ་གསོ་གསར་པའི་ལག་ལེན་གྱི་རྩ་བའི་ངོ་བོ་དང་རང་བཞིན་ནི་དགེ་རྒན་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་། དེ་སྔོན《མི་དམངས་སློབ་གསོའི་ཚགས་པར》 ངོས་སུ་ཡང་ཁ་བྱང་ལ “དགེ་རྒན་གྱི་འཚོ་བར་བཅོས་བསྒྱུར་བྱེད་པ” ཞེས་པའི་སློབ་གསོ་གསར་པའི་ལག་ལེན་སྐོར་གྱི་གནས་ཚུལ་ཆེད་འགོད་བྱས་མྱོང་།
        མིག་སྔར་ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་སྐོར་ཞིག་སློབ་གསོ་གསར་པའི་ལག་ལེན་ཁྲོད་འཚར་ལོངས་འབྱུང་གིན་ཡོད་ཅིང་། དེའི་ནང་གི་དགེ་རྒན་མང་པོ་ནར་སོན་པའི་གཏམ་རྒྱུད་ཀྱིས་ང་རང་སེམས་འགུལ་ཐེབས་སུ་བཅུག་ཡོད། དཔེར་ན་དགེ་རྒན་ཧི་དབྱི་ཕིན་ལྟ་བུ་སྟེ། ལོ་བདུན་གྱི་ཡར་སྔོན་ལ་མོ་ནི་ཀྲེ་ཅང་ལི་ཧྲེ་ས་ཆར་ལས་ཀ་བྱེད་བཞིན་པའི་སློབ་འབྲིང་གི་རྒྱ་ཡིག་དགེ་རྒན་དཀྱུས་མ་ཞིག་རེད། རྗེས་སུ་མོས་ཀྲེ་ཅང་དགེ་ཐོན་སློབ་ཆེན་གྱི་སློབ་གསོ་རིག་པའི་ཤེས་རམས་པར་རྒྱུགས་འཕྲོད་པ་དང་། རྗེས་སུ་མུ་མཐུད་དུ་སློབ་ཁྲིད་ཀྱི་ལས་ཀར་ཞུགས། མོས་ཤེས་རམས་པའི་བསླབ་གནས་ལ་བརྩོན་སྐབས་སློབ་མ་རྣམས་དང་དྲ་ལམ་ནས་འབྲེལ་བ་བྱས་ཤིང་དྲ་ལམ་ནས་བརྗོད་གཞི་བཏོན་ནས་བགྲོ་གླེང་བྱས། སྐབས་དེའི་མོའི་འཛིན་གྲྭ་ནི་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ་རེད། མོས་ཉི་མ་རེ་རེར་སློབ་གྲོགས་ཚོར་འཛིན་གྲྭའི་ནང་གི་གཏམ་རྒྱུད་འབྲི་རུ་བཅུག་པ་དང་། མོས་བྱ་འགུལ་དེའི་ཁ་བྱང་ལ“དྲུག་ཐིག་གཅིག་གི་དབྱངས་རྟར་ཉན་པ” ཞེས་བཏགས་ཤིང་། དེས་སློབ་མ་རྣམས་ཀྱི་འཚར་ལོངས་ལ་རམ་འདེགས་ཆེན་པོ་ཐོན། ལོ་གཉིས་འགོར་རྗེས་མོའི་ཞིབ་འཇུག་མཐར་ཕྱིན་དཔྱད་རྩོམ་ལེགས་འགྲུབ་བྱུང་སོང་། མཐར་ཕྱིན་དཔྱད་རྩོམ་གྱི་ནང་དོན་ནི་མོའི་དྲ་ལམ་འཕྲིན་སྟེགས་སྟེང་གི་སློབ་གྲོགས་དགུའི་གནས་ཚུལ་ལ་ཞིབ་འཇུག་བྱས་པའི་སྐོར་རེད། མོས་སློབ་གྲོགས་དེ་ཚོ་དྲ་ལམ་རྩོམ་འབྲི་ལ་ཞུགས་དང་མ་ཞུགས་ཡར་སྔོན་ཀྱི་གནས་སྟངས་གཉིས་གཤིབ་བསྡུར་བྱས་པ་དང་། ཁོ་ཚོའི་ཕ་མ་སོ་སོར་བཅར་འདྲི་བྱས་པའི་ནང་དོན་སོགས་འདུས་པས། མོའི་དཔྱད་འབྲས་དེ་ནི་ལོ་དེའི་ཀྲེ་ཅང་དགེ་ཐོན་སློབ་ཆེན་གྱི་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་ལས་ཆེས་ཕུལ་བྱུང་གི་དཔྱད་རྩོམ་ལ་བདམས་ཐོན་བྱུང་། རྗེས་སུ་དགེ་རྒན་དེ་དང་མོའི་བུ་མོ་གཉིས་ཀྱིས་བྲིས་པའི《དགེ་རྒན་ཞིག་དང་མོའི་བུ་མོ་དྲ་ལམ་ནས་འཚར་ལོངས་བྱུང་བའི་གཏམ་རྒྱུད》 ཅེས་པ་ཧྥུའུ་ཅན་སློབ་གསོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། དེར་མ་ཟད་ལོ་དེར་མོ་ལ་ཁྱད་འཕགས་དགེ་རྒན་གྱི་ཆོ་ལོ་ཡང་གནང་བྱུང་།
        གཞན་ཡང་དྲ་མིང་ལ “ཕུ་ཐུང་དམར་པོ” རུ་འབོད་པའི་དགེ་རྒན་ཁྲེན་ཞང་ཧྭ་ནི་དྲ་ལམ་སློབ་སྦྱོང་འཛིན་གྲྭའི་འཛིན་བདག་དང་དྲ་ལམ་རྩོམ་འབྲི་དང་གླེང་བརྗོད་ཀྱི་གཙོ་སྒྲུབ་མཁན་ཞིག་ཡིན། ཁོ་ནི་སློབ་གསོ་གསར་པའི་ལག་ལེན་ཁྲོད་བདེ་ཐང་གིས་ནར་སོན་པའི་ཕུལ་བྱུང་དགེ་རྒན་ཞིག་ཡིན་པ་དང་། ལོ་ལྔའི་སྔོན་ལ་དགེ་སློབ་མཉམ་བྲིས་ཟིན་ཐོ་འབྲི་བའི་བྱ་འགུལ་ལ་ཞུགས། དང་ཐོག་སློབ་གྲྭས་ཁོ་ལ་འཛིན་གྲྭ་གཅིག་བཀོད་སྒྲིག་བྱས། ཁོས་དྲ་ལམ་ནས་རྩོམ་ཡིག་འབྲི་སའི་ས་མིག་ཅིག་བཟོས་ཏེ་མིང་ལ “མཐོ་གསུམ་འཛིན་གྲྭར་བྱ་ར་བྱས་པའི་ཉི་མ་དེ་དག” ཞེས་བཏགས་པ་དང་། ཉི་མ་རེ་རེར་རྩོམ་ཡིག་འབྲི་བའི་ལས་ལ་ཞུགས་ཤིང་། མཐོ་གསུམ་འཛིན་གྲྭ་དེའི་འཚར་ལོངས་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད། ལོ་དེར་སློབ་གྲོགས་ཚང་མ་བདེ་ཐང་གིས་ནར་སོན་ན་ཡང་། དགེ་རྒན་ཁོར་མཚོན་ན་མཐོ་གསུམ་འཛིན་གྲྭར་བྱ་ར་བྱས་པའི་ལོ་ཟླ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་ལོ་ཟླ་ཞིག་རེད། ལོ་འཁོར་གཅིག་གི་དཀའ་སྤྱད་འབད་བརྩོན་བརྒྱུད་ནས་འཛིན་གྲྭ་དེ་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སློབ་གྲོགས་ཚང་མ་ཡང་གཅིག་ལས་གཅིག་ལྷག་ཏུ་གྱུར་པའི་གནས་ཚུལ་སློབ་གྲྭ་དེ་གའི་སློབ་གཙོས་ཐོས་བྱུང་། ཅང་མ་འགོར་བར་དགེ་རྒན་ཕུ་ཐུང་དམར་པོ་ལགས་ཀྱིས《མཐོ་གསུམ་འཛིན་གྲྭར་བྱ་ར་བྱས་པའི་ལོ་ཟླ》 ཞེས་པའི་དཔེ་དེབ་ཅིག་པར་སྐྲུན་བྱས།
        ལོ་གཉིས་ཀྱི་རྗེས་ནས་སློབ་གཙོས་ཁོ་ལ་འཛིན་གྲྭ་ཧ་ཅང་ཞན་པ་ཞིག་བཀོད་སྒྲིག་བྱས་པས།ཁོ་ཧ་ཅང་འུ་ཐུག་སྟེ་བདག་ལ་བཤད་རྒྱུར། “དགེ་རྒན་ཀྲུའུ་ལགས། ད་བདག་གིས་ཅི་བྱ། སློབ་གཙོས་ཡང་བདག་ལ་འཛིན་གྲྭ་ཆེས་ཞན་ཤོས་ཤིག་བཀོད་སྒྲིག་བྱས་སོང་།” ངས་ཁོ་ལ “ སེམས་ཁྲལ་མ་བྱེད། འཛིན་གྲྭ་ཆེས་ཞན་ཤོས་ཡིན་ཡང་དམིགས་བསལ་གྱིས་ཞན་རྒྱུ་གང་ཡང་མེད་པས་བློ་སྤོབས་ཆེན་པོས་རེ་སྨོན་ཆོངས་ལ་མདུན་སྐྱོད་ཀྱིས”ཞེས་བརྗོད་པ་ཡིན། ཁོས “རེ་སྨོན་བཅངས་ནས་ལམ་དུ་བསྐྱོད་པ”ཅེས་དྲ་ཐོག་ནས་བརྗོད་གཞི་ཞིག་གཏན་འཁེལ་བྱས་རྗེས་ཆེས་ཞན་པའི་འཛིན་གྲྭ་དེ་སྐྱོང་བཞིན་མུ་མཐུད་དུ་རང་ཉིད་ཀྱི་ཟིན་ཐོ་བྲིས། ལོ་གཅིག་གི་རྗེས་ནས་ཡ་མཚན་གྱི་དོན་ཞིག་བྱུང་བ་ནི་དེ་སྔོན་ཆེས་ཞན་པའི་སློབ་མ་དེ་དག་ད་ལྟ་ཕུལ་བྱུང་སློབ་མ་སྐོར་ཞིག་ཏུ་གྱུར་འདུག་པའི་དོན་དངོས་དེ་རེད།དེར་མ་ཟད་དགེ་རྒན་ཕུ་ཐུང་དམར་པོའི《རེ་སྨོན་བཅངས་ནས་ལམ་དུ་བསྐྱོད་པ》ཞེས་པའི་ཆེད་དེབ་ཀྱང་ཚན་རིག་སློབ་གསོ་པར་སྐྲུན་ཁང་གིས་དངོས་སུ་འགྲེམ་སྤེལ་བྱས། དེ་ལྟར་དགེ་རྒན་ཕུ་ཐུང་དམར་པོ་ལགས་ཀྱིས་ལོ་རེར་ཆེད་དེབ་རེ་པར་སྐྲུན་བྱས་ཤིང་། ཁོས་མུ་མཐུད་དུ་སློབ་གསོའི་ལས་རྐང་སྟེང་ནས་ནར་སོན་པ་དང་འཚར་ལོངས་འབྱུང་བར་འབད། ཉེ་ལམ་ཁོས་བརྩམས་པའི《འཛིན་བདག་གི་ལྕགས་རི་གཏོར་བ》ཞེས་པའི་དཔེ་དེབ་ཧྭ་ཏུང་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
        དེར་བརྟེན་དགེ་རྒན་གྱི་འགྱུར་ལྡོག་དང་ཆེད་ལས་ཤེས་བྱའི་བྱང་ཚད་མགྱོགས་མྱུར་གོང་འཕེལ་གཏོང་བ་ནི་སློབ་གསོ་གསར་པའི་འོད་དུ་འཚེར་བའི་མདུན་ལྗོངས་དེ་ཡིན་པས། དགེ་རྒན་གྱི་འཚར་ལོངས་དང་འཚོ་བ་སྐྱེལ་སྟངས་ལ་བཅོས་བསྒྱུར་གཏོང་རྒྱུ་ནི་སློབ་གསོ་གསར་པའི་ཆེས་གལ་ཆེ་བའི་ནང་དོན་དེ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1