གཙོ་ངོས།>> སྐྱེ་ཁམས།>>སྲོག་ཆགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༧ཉིན།

༄༅།།སྲོག་ཆགས་འདི་དག་གི་ཤ་ཟོས་ན་ནད་དུག་འགོ་བའི་ཉེན་ཁ་ཆེ།

        རི་སྐྱེས་སྲོག་ཆགས་སམ་བདག་མེད་སྲོག་ཆགས་དང་།ཡང་ན་གཅན་གཟན་རི་དྭགས་ཀྱི་ཤ་གང་བྱུང་དུ་ཟོས་ན་ནད་དུག་ཕོག་པའི་ཉེན་ཁ་ཡོད་པ་ཀུན་གྱིས་ཤེས་ནའང་།མི་འགའ་ཤས་ཤིག་གིས་ད་དུང་དེ་དག་གི་ཤ་བཟའ་རྒྱུར་དགའ་པོ་བྱེད་ཀྱིན་པའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། དེར་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་ཁོ་ཚོས་སྲོག་ཆགས་དེའི་རིགས་ཀྱི་ཤ་ཟོས་ན་ལུས་སྟོབས་གསོ་བའི་ནུས་པ་ལྡན་པར་སྙམ་པ་དང་། གཉིས་ནི་གསོལ་སྟོན་སྟེང་སྲོག་ཆགས་འདྲ་མིན་གྱི་ཤ་སྒྲིག་གཤོམ་བྱས་ན་གསོལ་སྟོན་ལ་ངོ་སོ་ཡོད་པར་འདོད་པ་དེ་རེད།
        ཡིན་ནའང་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གི་ལུས་སྟེང་དུ་ནད་དུག་མང་པོ་ཡོད་པ་ཚན་རིག་གིས་ར་སྤྲོད་བྱས་ཡོད་པས། གཤམ་དུ་ཀློག་པ་པོ་རྣམ་པར་ལུས་སྟེང་དུ་ནད་དུག་མང་པོ་ཡོད་པའི་རི་སྐྱེས་སྲོག་ཆགས་ཁག་ཅིག་ངོ་སྤྲོད་བྱ་རྒྱུ་ཡིན།

དང་པོ། ཕ་ཝང་།
        རི་སྐྱེས་སྲོག་ཆགས་ཀྱི་ཤའི་ཁྲོད་དུ་ནད་དུག་ཆེས་མང་ཤོས་ལྡན་པ་ནི་ཕ་ཝང་གི་ཤ་རེད། ཕ་ཝང་གི་ལུས་ནི་ནད་དུག་བཅུ་གྲངས་ཀྱི་གནས་ཚང་ལྟ་བུ་ཡིན་ཡང་ནད་དུག་དེ་དག་གིས་ཕ་ཝང་ལ་གནོད་འཚེ་གཏོང་མི་ཐུབ།ཡིན་ཡང་ནད་དུག་གི་གནས་ཚང་ལྟ་བུར་གྱུར་པའི་ཕ་ཝང་གི་ཤ་ཟ་མཁན་ཚོར་ནད་དུག་འགོས་ཉེན་ཡོད། དྲ་བའི་ཐོག་དགོད་གཏམ་འདི་འདྲ་ཞིག་ཡོད་པ་སྟེ། ཕ་ཝང་གིས་ལོ་དུང་ཕྱུར་མང་པོའི་རིང་ནད་དུག་དག་རང་ཉིད་ཀྱི་ལུས་སྟེང་དུ་སྦས་སྐུང་བྱས་ཤིང་། ནད་དུག་དེ་དག་མིའི་རིགས་ལ་འགོས་དོགས་ཀྱིས་མཚན་མོར་མི་ཁྱི་གཉིས་ཀ་ཉལ་རྗེས་ད་གཟོད་ཡར་ལངས་ནས་ཟས་འཚོལ་བར་འགྲོ་བ་དང་། མི་རྣམས་མལ་ལས་ལངས་རྗེས་རང་ཉིད་ཁ་ཁུ་སིམ་མེར་ཉལ་ནས་སྡོད་ཀྱིན་ཡོད། དེས་མི་ཚད་ད་རུང་མིའི་རིགས་ཀྱིས་ཟ་བར་དོགས་ནས་རང་ཉིད་མདོག་ཉེས་པོ་ཞེ་མེར་བ་ཞིག་ཏུ་འགྱུར་བར་བྱས་ཡོད། ཡིན་ནའང་ཉིན་མོ་ཉལ་ཡང་རུང་། མཚན་མོ་ལངས་ཀྱང་རུང་། མདོག་ཉེས་པོ་ཅི་འདྲར་བཟོས་ཀྱང་རུང་། སྔར་བཞིན་མི་འགའ་རེས་ཕ་ཝང་གི་ཤ་བཟའ་བ་དང་ཤ་ཁུ་འཐུང་རྒྱུར་བཀག་འགོག་བྱེད་མ་ཐུབ། དེ་ནི་བཞད་གད་ཀྱི་གཏམ་ཞིག་ཡིན་ནའང་། དེའི་ཐོག་ནས་མི་རྣམས་སྲོག་ཆགས་འདྲ་མིན་གྱི་ཤ་བཟའ་རྒྱུར་དགའ་བའི་འདོད་རྔམ་དེ་མཚོན་ཡོད།

གཉིས་པ། ཨོག་དཀར།
        ཨོག་དཀར་ཞེས་པ་ནི་རྒྱ་སྐད་དུ果子狸ཟེར་བའི་སྲོག་ཆགས་དེ་རེད། ད་ལོ་ནས་བརྩིས་པའི་ལོ་བཅུ་བདུན་གྱི་སྔོན་ལ་དམིགས་བསལ་གློ་ཚདSARSཞེས་པའི་ནད་དུག་ཅིག་བྱུང་བ་དེའི་འབྱུང་ཁུངས་ཀྱང་ཨོག་དཀར་ཡིན་པར་འདོད། དེ་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཞིག་ཡིན་པ་དང་ཟས་གང་བྱུང་ཟ་མཁན་ཞིག་ཡིན། དེའི་ནད་འགོག་ནུས་པ་ཤིན་ཏུ་ཆེ་མོད། འོན་ཀྱང་ཨོག་དཀར་གྱི་ཁོག་པའི་ནང་དུ་ནད་དུག་དང་གཞན་བརྟེན་སྲིན་འབུ་མང་པོ་ཡོད་པས་དེའི་ཤ་བཟའ་མི་རུང་། །
གསུམ་པ། ན་གི
        ན་གི་ཞེས་པ་ནི་རྒྱ་སྐད་དུ穿山甲ཞེས་པའི་སྲོག་ཆགས་དེ་ཡིན་ཞིང་། དེ་ནི་འཛམ་གླིང་སྟེང་གི་ལྐོག་འཚོང་བྱེད་མཁན་མང་ཤོས་ཀྱིས་འོ་འཐུང་སྲོག་ཆགས་ཤིག་ཡིན་པར་འདོད་ལ། ན་གིའི་ཉ་ཁྲབ་ལྟ་བུའི་ཕྱི་སྐོགས་དེ་སྲོལ་རྒྱུན་གྱི་སྨན་རྒྱུར་སྤྱོད་པས།ན་གིའི་ཤ་ནི་མི་རྣམས་ཀྱི་གསོལ་ཅོག་སྟེང་གི“ཞིམ་ཟས”སུ་གྱུར། ཡིན་ནའང་ན་གིའི་ཤ་ཡི་ནང་དུ་ནད་དུག་མང་པོ་ཡོད་དོ།།
བཞི་པ། ཝ་མོ་དང་སྲེ་མོང་།
        ཝ་མོ་དང་སྲེ་མོང(黄鼠狼)གཉིས་ནི་བེམ་རོ་དང་། ཙི་ཙི། འབུ་སོགས་ཟོས་ནས་འཚོ་བ་ཞིག་ཡིན་པས། དེ་གཉིས་ཀྱི་ཤ་ཟོས་ན་ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་ཡོད།
ལྔ་པ། རྒང་།
        རྒང་སྟེ་རྒྱ་སྐད་དུ刺猬ཞེས་པའི་སྲོག་ཆགས་དེའི་ལུས་སྟེང་དུའང་གཞན་བརྟེན་སྲིན་འབུ་དང་བྱི་རིམས་ཀྱི་ནད་དུག་མང་པོ་ཡོད་པས་ཟས་སུ་སྤྱོད་མི་རུང་།
དྲུག་པ། སྤྲེལ།
        མི་ཁ་ཤས་སྤྲེལ་གྱི་ཀླད་པ་ལྡག་རྒྱུར་དགའ་བ་དང་། སྤྲེལ་གྱི་ཀླད་པ་ལྡག་ན་རིག་པ་སྤྱང་དུ་འགྲོ་བར་འདོད་ཀྱིན་ཡོད། ཡིན་ནའང་དོན་དངོས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། སྤྲེལ་གྱི་ཀླད་པའི་འཚོ་བཅུད་ཀྱི་རིན་ཐང་དང་ཕག་གི་ཀླད་པའི་འཚོ་བཅུད་ཀྱི་རིན་ཐང་གཉིས་ལ་ཁྱད་པར་གང་ཡང་མེད་པས། སྤྲེལ་གྱི་ཀླད་པ་ལྡག་ཆེད་སྤྲེལ་གྱི་སྲོག་གཅོད་པ་ནི་མི་རུང་བ་ཞིག་གོ།

བདུན་པ། ཙི་ཙི།
        ཙི་ཙི་ནི་རྒྱུན་དུ་གཙང་སྦྲ་ཞན་པའི་ཁུང་བུ་དང་རྫབ་དོང་སོགས་སུ་འཚོ་སྡོད་བྱེད་རྒྱུར་དགའ་བས། ལུས་སྟེང་དུ་ནད་དུག་དང་སྲིན་འབུ་མང་པོ་ཡོད་ཅིང་། ཙི་ཙི་བརྒྱུད་ནས་འགོས་ཁྱབ་བྱུང་བའི་རིམས་ནད་གྲས་སུ་བྱི་རིམས་དང་ཁ་ཚ་རྨིག་ཚའི་ནད་སོགས་ཡོད་པས། ཙི་ཙིའི་ཤ་གཏན་ནས་བཟའ་མི་རུང་།

བརྒྱད་པ། སྦྲུལ།
        ཀྲུང་གོའི་ལྷོ་ཕྱོགས་ཀྱི་ས་ཆ་འགའ་རེའི་མི་རྣམས་སྦྲུལ་ཤ་ཟ་རྒྱུར་ཧ་ཅང་དགའ་པོ་ཡོད། གནའ་སྔ་མོར་སྦྲུལ་ཤ་བཟའ་བ་ནི་ཟས་ཀྱིས་ཕོངས་པས་ཡིན་སྲིད། ཡིན་ནའང་ད་ཆ་སྦྲུལ་ཤ་བཟའ་བ་ནི་ལུས་སྟོབས་གསོ་ཕྱིར་རེད། དོན་དངོས་ཐོག་སྦྲུལ་གྱི་ཁོག་པའི་ནང་གཞན་བརྟེན་སྲིན་འབུ་འབོར་ཆེན་ཡོད་པས། སྦྲུལ་ཤ་ཟོས་རྗེས་ནད་ཕོག་པའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད།

དགུ་པ། རུས་སྦལ།
        འགའ་རེས་རུས་སྦལ་གྱི་ཁུ་བ་གདུས་ནས་འཐུང་ན་ལུས་ཟུངས་གསོ་བར་འདོད་ཀྱིན་ཡོད། ཡིན་ནའང་རུས་སྦལ་གྱི་སྐོགས་ཤུན་འོག་ནི་ནད་དུག་དང་གཞན་བརྟེན་སྲིན་འབུའི་གབ་གནས་ཡིན་པ་དང་། དེ་དག་ཁྲོད་ནད་དུག་ཧྲ་མེན་ཞེས་པ་ཞིག་ཡོད་པས་དེས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་ལ་ཉེན་ཁ་ཆེན་པོ་ཐེབས་སྲིད།
        མདོར་ན་སྲོག་ཆགས་འདྲ་མིན་གྱི་ཤ་ཟོས་ན་ཉེན་ཁ་ཆེན་པོ་ཡོད་པས་དེར་ཡིད་གཟབ་བྱེད་དགོས།

《ཀྲུང་དབྱང་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ》ལྟར་བཀོད་པ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1