༄༅།།ལུས་སྦྱོང་བྱེད་པའི་ཕན་ཡོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-17


        བང་རྒྱུག་བྱེད་པའམ་ཡང་ན་ཡོ་ག་སྦྱོང་བ་སོགས་ཀྱི་ལུས་སྦྱོང་བྱེད་མགོ་བརྩམས་པ་ནས་བཟུང་།ལུས་སྦྱོང་གི་ཕན་ཡོན་རིམ་གྱིས་ཁྱེད་ཀྱི་ལུས་སྟེང་དུ་འཆར་སྲིད་པས།དེས་ཁྱོད་རང་ལུས་སྦྱོང་ལ་སྔར་ལས་སྤྲོ་བ་སྐྱེ་རུ་འཇུག་སྲིད།ཨ་མེ་རི་ཁའི་ཧེང་ཐིང་ཏུན་སློབ་ཆེན་གྱི་ནད་ཐོག་འགུལ་སྤྱོད་ལུས་ཁམས་རིག་པའི་དགེ་རྒན་ཆེན་མོ་བ་སྨི་ཞེར•ཨོར་སེན་གྱིས་ཉེ་ཆར་ལུས་སྦྱོང་བྱེད་པའི་ཕན་ཡོན་མང་པོ་ཕྱོགས་སྡོམ་བྱས་ཡོད་པ་སྟེ།
        ཆེས་ཐོག་མར་ལུས་སྦྱོང་བྱེད་པ་ནས་བཟུང་།གློ་བའི་བྱེད་ནུས་ཇེ་དྲག་ཏུ་འགྲོ་བ་རེད།དབྱང་ལྡན་ལུས་སྦྱོང་བྱེད་པའི་གོ་རིམ་ཁྲོད།ཀླད་པས་གློ་བར་ཆ་འཕྲིན་སྐྱེལ་ཞིང་།དབུགས་འབྱིན་རྔུབ་བྱེད་པར་རོགས་རམ་བྱེད་པར་མ་ཟད།ཤ་གནད་ལ་དབྱང་རླུང་མང་པོ་སྦྱིན་པར་བྱེད།ནང་ཧྥོལ་ཐིད(内啡肽)མང་པོ་ཟགས་ཐོན་བྱེད་པའི་དབང་གིས་ལུས་སྦྱོང་བྱེད་མཁན་ལ་ངར་ལངས་ཤིང་ལུས་ཤུགས་རྒྱས་པའི་ཚོར་སྣང་འབྱུང་ལ།ལུས་སྦྱོང་བྱེད་འདོད་ཀྱི་འདུན་པ་ཇེ་དྲག་ནས་ཇེ་དྲག་ཏུ་འགྲོ་བ་རེད།དེ་ལས་གཞན་ད་རུང་དབྱང་ལྡན་ལུས་སྦྱོང་བྱེད་པའི་སྐབས་སུ།ལུས་སྟེང་གི་ཚིལ་ཞག་ཟད་ཚད་མཐོ་བས་ཚོ་བྱང་བའི་ནུས་པའང་ཡོད།
        དུས་ཚོད་གཅིག་ལ་ལུས་སྦྱོང་བྱས་རྗེས།ཆམ་རིམས་སོགས་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་དང་།དེ་ནི་ལུས་སྦྱོང་བྱེད་པའི་དབང་གིས་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་དྲག་ཏུ་སོང་བས་ཡིན་ལ།ལུས་སྦྱོང་བྱས་ན་ད་རུང་སེམས་ཁམས་ཇེ་སྐྱིད་དུ་འགྲོ་བ་དང་།ལུས་པོ་ཇེ་ཡང་དུ་སོང་བའི་ཚོར་སྣང་བྱུང་སྟེ།གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ།
        དེ་ལས་གཞན་ད་རུང་ལུས་སྦྱོང་བྱེད་མཁན་ངལ་གསོ་བྱས་ཡོད་པའི་སྐབས་སུའང་།ལུས་སྟེང་གི་ནུས་དྲོད་མང་པོ་མུ་མཐུད་དུ་ཟད་ངེས།དེ་ནི་རྗེས་འབར་ནུས་སྣང་ཞེས་པ་དེ་ཡིན་ཏེ།ལུས་སྦྱོང་བྱེད་པའི་གོ་རིམ་ཁྲོད་ནུས་དྲོད་སྟོང་ཁྭ100ཟད་པ་ཡིན་ན།ལུས་སྦྱོང་བྱས་རྗེས་ད་རུང་སྟོང་ཁྭ16ཟད་པ་དང་།དཔེར་ན་ཁྱེད་རང་སྤྱི་ལེ5ལ་བང་རྒྱུག་བྱས་པར།ལུས་སྟེང་གི་ནུས་དྲོད་སྟོང་ཁྭ300ཟད་པའི་དབང་དུ་བཏང་ན།ལུས་སྦྱོང་བྱས་ཚར་རྗེས་ད་རུང་མུ་མཐུད་དུ་ནུས་དྲོད་སྟོང་ཁྭ45ཟད་པར་མ་ཟད།ཁྲག་ཧྭགས་ཇེ་དམའ་རུ་འགྲོ་སྲིད།
        ཉིན་གཅིག་ལ་ལུས་སྦྱོང་བྱས་རྗེས།ཤ་གནད་ཀྱི་ལྗིད་ཚད་ཇེ་ལྕི་རུ་འགྲོ་བ་དང་།གལ་ཏེ་ནུས་ཤུགས་སྦྱོང་བརྡར་བྱས་ན།ཤ་གནད་བསྐྱར་འཛུགས་བྱས་ཏེ།སླར་གསོ་སྦྱོང་བརྡར་གྱི་སྐབས་སུ་ཤ་གནད་གས་པའི་སྣང་ཚུལ་འབྱུང་བ་དང་།སྙིང་ཡང་སྔར་ལས་བདེ་ཐང་ཡོང་ཞིང་། ལུས་སྦྱོང་བྱས་ཏེ་རྔུལ་ཆུ་བཞུར་དུ་བཅུག་ན།ཁྲག་ཤེད་ཇེ་དམའ་རུ་འགྲོ་བར་ཡང་ཕན་པ་ཆེན་པོ་ཡོད།
        དེ་ལས་གཞན་ད་རུང་ཀླད་པར་བཞུར་བའི་ཁྲག་རྒྱུན་དང་དབྱང་རླུང་ཇེ་མང་དུ་འགྲོ་བས།སློབ་སྦྱོང་གི་ནུས་པ་སྔར་ལས་ཇེ་མཐོ་དང་བློ་སེམས་གཅིག་ཏུ་སྒྲིམ་ཤུགས་སྔར་ལས་ཇེ་དྲག་ཏུ་འགྲོ་བ་རེད།
        གཟའ་འཁོར་གཅིག་ལ་ལུས་སྦྱོང་བྱས་རྗེས།ལུས་སྟེང་གི་གཤེར་མའི་ཕུང་རྩིའི་ཚོར་བ་ཇེ་དྲག་ཏུ་སོང་ནས།ཁྲག་ཧྭགས་ཇེ་དམའ་རུ་འགྲོ་བ་དང་།གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཚད་ཇེ་ཉུང་དུ་འགྲོ་ལ།བསྲན་ཤུགས་ཇེ་ཆེར་འགྲོ་བས།དེའི་རྗེས་ཀྱི་ལུས་སྦྱོང་གི་ཚད་ཇེ་དྲག་ཏུ་བཏང་ཆོག ལུས་སྦྱོང་བྱེད་ན་ད་རུང་སྐྱེས་གཟུགས་ཇེ་ཡག་ཏུ་འགྲོ་མོད།འོན་ཀྱང་བཟའ་བཏུང་ལ་ཚོད་འཛིན་བྱེད་དགོས།
        རྒྱུན་འཁྱོངས་སྒོས་ལུས་སྦྱོང་བྱས་ནས་ཟླ་ངོ་གཅིག་འགོར་རྗེས།ལུས་སྟེང་དུ་སྔར་ལས་སྟོབས་ཤུགས་རྒྱས་པ་དང་།ཤ་གནད་ཀྱི་བསྲན་ཤུགས་སྔར་ལས་ཇེ་དྲག་ཏུ་སོང་ཡོད་པས།སྐབས་དེར་ལུས་སྦྱོང་བྱེད་ཚད་ཇེ་དྲག་དང་ལུས་སྦྱོང་བྱེད་གྲངས་ཇེ་མང་དུ་བཏང་ཆོག ལུས་སྟེང་གི་ཚིལ་ཞག་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་པར་མ་ཟད། ཀླད་ཁུངས་རང་བཞིན་གྱི་དབང་རྩར་ངར་བསླངས་ཏེ།ཀླད་པའི་ཕྲ་ཕུང་གསར་བ་འབྱུང་བ་དང་།ཀླད་པའི་བྱེད་ནུས་ཇེ་དྲག་ཏུ་གཏོང་ཐུབ།
        རྒྱུན་འཁྱོངས་སྒོས་ལོ་གཅིག་ལ་ལུས་སྦྱོང་བྱས་རྗེས།ལུས་པོའི་བསྲན་ཤུགས་དང་འཕྲོད་ཤུགས25﹪ཡིས་ཇེ་དྲག་ཏུ་འགྲོ་བ་དང་།ཚིལ་ཞག་ཟད་ཚད་ཇེ་མགྱོགས་སུ་འགྲོ་ལ།དུས་ཡུན་རིང་པོར་ལུས་སྦྱོང་བྱེད་པའི་དབང་གིས།སྙིང་གི་ཁྲག་འཕེན་ལས་ཕྱོད་ཇེ་དྲག་ཏུ་སོང་ནས།སྙིང་གི་ལྡིང་ཚད་རྒྱུན་ལྡན་དུ་འགྱུར་ཞིང་།ལུས་པོའི་རྒས་ཚད་ཇེ་དལ་དུ་འགྲོ་བ་དང་།འབྲས་སྐྲན་འབྱུང་ཚད་ཇེ་དམའ་རུ་གཏོང་བ་སོགས་མིའི་ཚེ་ཐག་ཇེ་རིང་དུ་འགྲོ་བར་ཕན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1