བོད་ལྗོངས་སུ་འདབ་ཆགས་རིགས་600ལྷག་འཚོ་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-20


ཞོགས་པའི་ཉི་ཟེར་ཁྲོད་ཀྱི་ཁྲུང་ཁྲུང་སྐེ་ནག
          《འཛམ་གླིང་གི་ཕན་བྱར་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》ཡིས་ལོ་རེའི་ཟླ་4པའི་ཚེས་1ཉིན་ནི་“རྒྱལ་སྤྱིའི་བྱ་གཅེས་ཉིན་མོར”གཏན་འབེབས་བྱས་ཡོད་ཅིང་།  རྒྱལ་ཁབ་མང་པོ་ཞིག་གིས་འདབ་ཆགས་ལ་གཅེས་པའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་མི་རྣམས་ཀྱིས་འདབ་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཤེས་བྱ་འདོན་སྤྲོད་བྱེད་ཆེད།  རང་རྒྱལ་གྱི་དུས་བཞིའི་གནམ་གཤིས་ལ་གཞིགས་ནས་བྱ་གཅེས་ཉིན་མོ་དང་བྱ་གཅེས་དུས་ཆེན་ནམ་བྱ་གཅེས་གཟའ་འཁོར། བྱ་གཅེས་ཟླ་བ་བཅས་གཏན་འཁེལ་བྱས་ཡོད།
          གསར་འགོད་པས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  《ཕྱོགས་ཡོངས་ནས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱེད་པ་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་གོམས་གཤིས་ངན་པ་དེ་མེད་པར་བཟོས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་།  བདེ་འཇགས་ལ་འགན་ལེན་གང་ལེགས་ཡོང་བའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》(གཤམ་དུ་《ཆོད་དོན》ཞེས་བསྡུ་རྒྱུ།)ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལས་དོན་ལ་སྤྱི་དམངས་ཀྱིས་དོ་ཁུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ།  བོད་ལྗོངས་ཀྱིས་ཟླ་4པའི་ཚེས་6ཉིན་ནས་ཚེས་12ཉིན་བར་“2020ལོའི་བྱ་གཅེས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ་རེད།
          “བྱ་གཅེས་གཟའ་འཁོར”ནི་1981ལོར་བྱུང་བ་དང་།  དང་ཐོག་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་དབར་གྱི་དུས་བྱ་སྲུང་སྐྱོང་བྱ་ཆེད་བཙུགས་པ་ཞིག་རེད།  1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་《སྐམ་འཚོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག》ནང་“བྱ་གཅེས་གཟའ་འཁོར”ཞེས་པ་དེ་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཡོད།
          “འདབ་ཆགས་ནི་རང་བྱུང་ཁམས་ཆེན་མོའི་་གྲུབ་ཆ་ཞིག་ཡིན་ལ་རྩ་ཆེའི་ཐོན་ཁུངས་ཤིག་ཀྱང་ཡིན། འདབ་ཆགས་ལ་སྲུང་སྐྱོབ་བྱེད་པ་ནི་རང་བྱུང་སྐྱེ་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོང་དང་།  ཚན་རིག་ཞིབ་འཇུག  སློབ་གསོ།  རིག་གནས།  དཔལ་འབྱོར་སོགས་ཀྱི་ཐད་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ལྗོངས་སུ་ཡོད་པའི་བྱ་སྐོར་ཞིག་ཡུལ་གཞན་དུ་མེད་པ་དང་།  དམིགས་བསལ་ཡིན་པ།  འཐུས་ཚབ་ཏུ་མེད་པ།  དེ་བཞིན་སླར་གསོ་མི་ཐུབ་པ་བཅས་ཀྱི་རང་བཞིན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་ཡོད་ལ། དམིགས་བསལ་གྱི་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་གིས་བྱ་རིགས་ལ་སྔར་ལས་ཀྱང་ཕུན་སུམ་ཚོགས་པའི་འཚོ་གནས་ཀྱི་བར་མཐོངས་མཁོ་འདོན་བྱས་ཡོད།”ཅེས་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་བྱ་རིགས་ཞིབ་འཇུག་པས་དེ་ལྟར་བཤད།

བྱ་མགོ་ཆུ་འཛུལ་བྱ་གག

རི་མཐོའི་སྤང་ལྗོངས་སྟེང་གི་སྤྱང་གྲུང་ལྡན་པའི་བོད་བྱ།
          ཤེས་རྟོགས་བྱུང་བའི་གྲངས་གཞི་ལས་མངོན་པར།  འཛམ་གླིང་ཡོངས་སུ་འདབ་ཆགས་རིགས་ཁྲི་གཅིག་ལ་ཉེ་བ་ཡོད་ཅིང་།  དེ་དག་ལས་བོད་ལྗོངས་སུ་འཚོ་བཞིན་པའི་འདབ་ཆགས་རིགས་600ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་72ཡོད་ལ།  དེ་དག་གིས་ས་མཐོའི་སྣོད་བཅུད་མ་ལག་ཁྲོད་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་ནི་སྣོད་བཅུད་མ་ལག་དོ་སྙོམས་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་རྒྱུ་རྐྱེན་ཞིག་རེད། དེ་དང་ཆབས་ཅིག་འདི་གའི་ཐུན་མོང་མ་ཡིན་པའི་རིམ་འགྱུར་ལོ་རྒྱུས་དང་སྣོད་བཅུད་ཁོར་ཡུག་གིས་བྱ་རིགས་ཀྱི་འཚོ་བའི་ལོ་རྒྱུས་དང་བྱ་སྤྱོད་སོགས་ས་གནས་རང་ལ་འཕྲོད་པར་གྱུར་ཡོད་པས། འཕེལ་འགྱུར་གྱི་ལམ་ཁ་འདི་དག་གསལ་བར་ངེས་ཚེ་འཕེལ་འགྱུར་སྐྱེ་དངོས་རིག་པ་དང་སྣོད་བཅུད་རིག་པའི་གཞུང་ལུགས་འཕེལ་རྒྱས་མྱུར་པོ་འགྲོ་ཐུབ།
          འདབ་ཆགས་ཀྱི་མཛེས་པ་ནི་དེ་དག་གི་གྲུང་ཤ་དོད་པོ་དང་།  སྐྱེ་ཁམས་ཧྲིལ་པོའི་ཁྲོད་དེ་དག་གི་ནུས་པ་གལ་ཆེན་འདོན་བཞིན་པར་རག་ལས་ཡོད།  མི་མང་པོ་ཞིག་གིས་འདབ་ཆགས་ལ་བལྟ་བའི་སྐབས་སུ་བར་ཐག་ཉེ་ས་ནས་དེ་དག་ལ་འབྲེལ་འདྲིས་བྱེད་པར་དགའ།  “རང་རྟོགས་ངང་འདབ་ཆགས་དང་བར་ཐག་རྒྱུན་འཁྱོངས་བྱས་ནས་དེ་ཚོའི་འཚོ་བར་འགོག་རྐྱེན་མི་བཟོ་བ་ནི་འདབ་ཆགས་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན་ལ། ང་ཚོ་འཚོ་གནས་ལ་བརྟེན་པ་མ་ཟད་དེ་བས་ཀྱང་རྒྱུན་ཆད་མེད་པར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན།”ཅེས་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་བྱ་རིགས་མཁས་པས་དེ་ལྟར་བཤད།
          “བྱ་གཅེས་གཟའ་འཁོར”རིང་། ང་ཚོས་འདབ་ཆགས་ལ་གཅེས་སྤྲས་དང་འདབ་ཆགས་ལ་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་པའི་སྣོད་བཅུད་རིག་གནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ། སྤྱི་དམངས་ཡོངས་འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་དང་། རྩི་ཤིང་སྲུང་སྐྱོང་ལས་དོན་ནང་ཞུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་མཚམས་སྦྱོར་གནང་།

བྱ་ཝང་སྔོན་པོ།

ཆུ་སྐྱར་མགོ་ནག

བྱ་ཁྲ།

ཆིའུ་ཧྲ་བྱ་གག་ཕལ་བ།

ཞིང་ཁའི་ཁྲུང་ཁྲུང་སྐེ་ནག

རི་བྱ་ཁྲག་མདོག་ཅན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1