༄༅།། རིམས་འགོག་སྐབས་ཀྱི་གློ་ལུ་བ་དང་འབྲེལ་བའི་གནད་དོན་དགུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-20



གཅིག གློ་ལུ་བའི་སྐབས་ཀྱི་མཆིལ་ཟགས་ཀྱིས་འགོས་པ།
        ཏོག་གསར་གློ་ཚད་ནི་གཙོ་བོ་དབུགས་ལམ་གྱི་མཆིལ་ཟགས་དང་འབྲེལ་འདྲིས་བརྒྱུད་ནས་འགོ་བཞིན་ཡོད་ལ།རླུང་ཞུ་སྤྱིན(气溶胶)སོགས་ཀྱི་ལམ་ནས་འགོ་མིན་ལ་ད་རུང་བརྟག་དཔྱད་བྱེད་དགོས་མོད།འོན་ཀྱང་གློ་ལུ་བ་དང་སྣ་སྦྲིད་བརྒྱབ་པའི་མཆིལ་ཟགས་ལས་ནི་འགོ་ཁོ་ཐག་རེད།ནད་དུག་དང་འབུ་སྲིན་སོགས་མཆིལ་ཟགས་དང་འགྲོགས་ཏེ་གང་སར་ཁྱབ་སྲིད།

གཉིས། གློ་ལུ་བ་ནི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གྲས་ཀྱི་གཅིག་རེད།
        ཚ་རྒྱས་པ་དང་ལུས་ལ་ཤུགས་མེད་པ།གློ་ལུ་བ་བཅས་ནི་ཏོག་གསར་གློ་ཚད་ཀྱི་ནད་ཐོག་ནད་རྟགས་གཙོ་བོ་ཡིན།གལ་ཏེ་ཉེ་ལམ་ཏོག་གསར་གློ་ཚད་ཀྱི་དོགས་ཡོད་མགོ་ཁུངས་དང་འབྲེལ་འདྲིས་བྱས་རྗེས།ཚ་ལངས་པ་དང་གློ་ལུ་བ།དབུགས་ལེན་དཀའ་བ་སོགས་ཀྱི་ནད་རྟགས་བྱུང་ན་མྱུར་དུ་སྨན་པར་བསྟེན་དགོས།

གསུམ། བྱིས་པའི་གློ་ལུ་བར་རྒྱུ་རྐྱེན་མང་པོ་ཡོད།
        ཚ་ལངས་པ་དང་ལུས་ལ་ཤུགས་མེད་པ།གློ་ལུ་བ་སོགས་ཀྱི་ནད་རྟགས་མངོན་ནའང་ཏོག་གསར་གློ་ཚད་འགོས་ཡོད་པའི་ངེས་པ་མེད་ལ།ནང་སྒོས་སུ་བྱིས་པའི་གློ་ལུ་བ་ནི་རྒྱུན་དུ་ནད་དུག་དང་སྲིན་འབུ་གཞན་པ་འགོས་པའམ་ཡང་ན་འཚོ་སྡོད་ཁོར་ཡུག་དང་མཁའ་དབུགས་སྦགས་བཙོག ཉེ་གམ་གྱི་མིས་ཐ་མག་འཐེན་པ་སོགས་ལའང་འབྲེལ་བ་ཡོད་པས།ནད་རྟགས་ཁོ་ནར་བལྟས་ནས་ཏོག་གསར་གློ་ཚད་འགོས་པར་བརྡར་ཤ་གཅོད་མི་རུང་།

བཞི། ནད་པས་གང་འདོད་དུ་དུག་སྲིན་འགོག་སྨན་འཐུང་མི་རུང་།
        གལ་ཏེ་ཚ་ལངས་པ་དང་གློ་ལུ་བ།སྣ་འགག་པ།སྣ་སྦྲིད་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན།རང་འགུལ་གྱིས་མི་གཞན་པ་དང་འབྲེལ་འདྲིས་བྱེད་མཚམས་འཇོག་དགོས་ལ།སྒོ་ཕྱིར་འགྲོ་ན་ཁ་ཐུམ་རྒྱག་དགོས།སྤྱིར་བཏང་གི་ནད་པས་གློ་ལུ་བའི་སྐབས་སུ་དུག་སྲིན་འགོག་སྨན་གང་འདོད་དུ་འཐུང་མི་རུང་།

ལྔ། གློ་ལུ་བའི་སྐབས་སུ་ལག་པས་ཁ་སྣ་འགེབ་མི་རུང་།
        གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ།ཤོག་བུ་དང་ཕུ་ཐུང་གིས་ཁ་སྣ་འགེབ་པ་ལས།ལག་པས་ཁ་སྣ་འགེབ་མི་རུང་།རྒྱུ་མཚན་ནི་ལག་པ་ཚགས་དམ་པོ་མིན་པས་སོ། །

དྲུག ལག་པ་མ་བཀྲུས་པར་མིག་ལ་ཕུར་ཕུར་བྱེད་མི་རུང་།
        གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ་བཀོལ་སྤྱོད་བྱས་ཟིན་པའི་ཤོག་བུ་གད་སྙིགས་བླུག་སྣོད་དུ་འཕངས་རྗེས།མྱུར་དུ་ལག་པ་གཙང་མར་བཀྲུ་དགོས་ལ།ལག་པ་མ་བཀྲུས་པར་མིག་ཕུར་ཕུར་དང་འབྱར་སྐྱིའི་གནས་སུ་རེག་ཐུག་བྱེད་མི་རུང་།

བདུན། གློ་ཚད་ནི་གློ་ལུ་བའི་རྒྱུ་རྐྱེན་ནང་གི་གཅིག་ཡིན།
        གློ་ལུ་བ་ཡིས་གློ་ཚད་སློང་མི་སྲིད་ལ།དེ་ལས་ལྡོག་སྟེ་གློ་ཚད་ཀྱིས་ད་གཟོད་གློ་ལུ་བ་རེད།གློ་ལུ་བ་ནི་ནད་རྟགས་ཤིག་ཡིན་པ་དང་།དེ་ལ་རྒྱུ་རྐྱེན་མང་པོ་ཡོད་པ་སྟེ།དཔེར་ན་ཟ་མ་གློ་མིད་བཏང་བ་དང་ཆམ་པ་བྱུང་བ།དབུགས་འཚང་བ།གློ་ཚད་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཡོད།

བརྒྱད །དཔྱིད་ཀར་མེ་ཏོག་གི་རྡུལ་སོགས་ལ་ཚོར་ཐལ་འབྱུང་བར་དོགས་ཟོན་བྱེད་དགོས།
        དཔྱིད་ཀ་སླེབས་རྗེས། ཁ་དབུགས་ཀྱི་ཁྲོད་དུ་མེ་ཏོག་གི་རྡུལ་དང་རླམ་སྲིན་སོགས་ཀྱི་ཚོར་ཐལ་འབྱུང་ཁུངས་མང་པོ་ཡོད།དབུགས་ལམ་དུ་འཛུལ་ན་གློ་ལུ་བ་དང་དབུགས་ལམ་ལ་ཟ་འཕྲུག་ལངས་པ།སྣ་སྦྲིད་རྒྱག་པ་སོགས་ཀྱི་ཚོར་ཐལ་ནད་རྟགས་མང་པོ་འབྱུང་བ་དང་།ཚབས་ཆེ་ན་ད་རུང་སྐམ་ལུ་ཚབས་ཆེན་རྒྱག་པའི་གནས་ཚུལ་འབྱུང་།

དགུ། ཕྱི་རོལ་དུ་ཉུང་འགྲོ་བྱེད་པ་ནི་སྔོན་འགོག་གི་ཐབས་ལམ་ཆེས་བཟང་པོ་ཡིན།
        ཚོར་ཐལ་གྱིས་བསླངས་པའི་ཡུན་རིང་དུ་གློ་ལུ་བ་ལ།དབུགས་ལམ་ཚན་ཁག་གི་སྨན་པའི་མཛུབ་སྟོན་འོག་ཚོར་ཐལ་འགོག་སྨན་འཐུང་ཆོག་མོད།འོན་ཀྱང་བྱེད་ཐབས་ཆེས་ལེགས་པོ་ནི་སྔར་བཞིན་སྔོན་འགོག་བྱེད་རྒྱུ་དེ་རེད།དཔེར་ན་ཕྱི་རོལ་དུ་མི་འགྲོ་བ་དང་མལ་སྟན་སོགས་དུས་བཅད་ལྟར་བརྗེ་བ།འབོལ་ཁྲི་དང་ས་གདན་སོགས་ལ་གཙང་སྦྲ་བྱེད་པ་སོགས་ཚོར་ཐལ་མགོ་ཁུངས་ལ་གཡོལ་ཅི་ཐུབ་བྱེད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1