༄༅།།བོད་ལུགས་གསོ་རིག་ལས་རིམས་ནད་ཀྱི་ངོས་འཛིན་དང་འགོག་བཅོས་ཐབས་ལམ་ཇི་ལྟར་བསྟན་ཡོད་མེད་སྐོར་རགས་ཙམ་གླེང་བ།

ཕུན་ཚོགས་ཆོས་སྒྲོན། ཚེ་རིང་བདེ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20



ཕུན་ཚོགས་ཆོས་སྒྲོན། ཚེ་རིང་བདེ་སྐྱིད།
གཅིག རིམས་ནད་ཀྱི་ངོས་འཛིན།
        རིམས་ཞེས་པ་ནི། འགོས་ཁྱབ་ཀྱི་རང་བཞིན་ཆེ་ཞིང་བཅོས་དཀའ་ལ་ཕོག་པའི་རྗེས་སུ་ན་ཟུག་ཆེ་བ། ཚེ་སྲོག་ལ་མྱུར་དུ་རྒོལ་བར་བྱེད་པའི་ནད་རིགས་གདུག་པ་ཅན་ཞིག་ཡིན། རིམས་ཞེས་འདི་ལྟར་བཏགས་པའི་རྒྱ་མཚན་ནི་གསོ་རིག་རྒྱུད་བཞི་ལས། དྲིས་ཕོག་ཡམས་སུ་རིམ་གྱིས་འགོས་པའི་ཕྱིར། །རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས། །ཞེས་གསུངས་པ་ལྟར་ནད་དེ་ཐོག་མར་ལྡང་བའི་དུས་སུ་ཚ་བ་རྒྱས་པ་དང་ཚ་བ་དེ་ལུས་ཟུངས་ཀུན་ལ་འཇུག་པ་ཡིན་ཞིང་གློ་བ་ལ་སོགས་ཀྱི་དོན་སྣོད་ལ་ནད་འགྱུར་བྱུང་ནས་ཕན་ཚུན་མཆེད་ཞིང་རིམ་པས་གཞན་ལ་འགོས་པས་ན་རིམས་ཞེས་ནད་ཀྱི་རང་བཞིན་ལ་ལྟོས་ནས་བཏགས་པའི་མིང་ངོ་། །དེ་ཡང་ནད་དེའི་རྒྱུ་ནི་དུག་ཅན་སྲིན་བུའི་དུག་སྐྱེད་བཞིན་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཁྲག་སྲིན་བདུན་ཟངས་ལྟར་དམར་བ་ཕྲ་ལྟར་མི་མངོན་པ། སྐད་ཅིག་ཙམ་དུ་མགོ་རྐང་ཐམས་ཅད་ཀུན་ཏུ་ཁྱབ་ནུས་པ་ཞིག་དང་གཉན་སྲིན་པར་པ་ཏ་རྐང་མེད་ཟླུམ་ལ་དམར་བ་ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ་བས་གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་ལ་སོགས་སྲིན་བུ་དེ་དག་འཁྲུགས་པ་ལས་བྱུང་བ་ཡིན།

གཉིས། རིམས་ནད་ཀྱི་འགོག་བཅོས་ཐབས་ལམ་སྐོར།
        བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་ཏུ་རིམས་ནད་ཐོག་མའི་ངོས་འཛིན་ནི་རྒྱལ་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུའི་སྐབས་སུ་བྱུང་བ་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དེ་ནས་རྒྱལ་པོ་འབྲོང་གཉན་ལྡེ་རུ་སྟེ། རྟོག་པའི་ནད་ཀྱིས་སྐུ་ལ་སྙུན་མཛེ་བྱུང་། དེ་དུས་བོད་གཞན་ན་ཉ་མི་ཟ་བ་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས། དེ་ན་ཉ་ཟ་ཞིང། ཉ་ལ་སྦལ་པར་ཡིན་སྐད། རྣམ་རྟོག་དབང་གིས་རྒྱལ་པོར་མཛེ་ནད་ཕོག་པས་གདུང་རྒྱུད་ལ་བསྙུན་མི་བྱུང་བའི་ཕྱིར་གསོན་པོར་དུར་དུ་ཞུགས་སྐད། རྒྱལ་པོ་ཉིད་མཛེ་ནད་ཕོག་ཏེ་གསོན་དུར་ཞུགས་པའི་ལོ་རྒྱུས་དེའི་ཐོག་ནས་སྐབས་དེར་མཛེ་ལ་སོགས་པའི་འགོས་ཁྱབ་ཆེ་བའི་རིམས་ནད་ལ་ངོས་འཛིན་ཇི་ལྟར་བྱས་ཡོད་པ་དང་དེའི་སྔོན་འགོག་བྱ་ཐབས་བཅས་ལས་བོད་ཀྱི་གསོ་བ་རིག་པས་རིམས་ནད་ལ་འཛིན་པའི་འདུ་ཤེས་དང་དེའི་འཕེལ་རྒྱས་ཀྱི་རྣམ་པ་མཚོན་ཐུབ། རིམས་ནད་དེ་ཡང་འགོས་ཁྱབ་ཀྱི་རང་བཞིན་ཆེ་བ་ནི་ནད་བུ་ཕྲ་མོ་དེ་བར་སྣང་ཁམས་ཀྱི་མཁའ་རླུང་ལ་བརྒྱུད་དེ་ཕོག་བཞིན་ཡོད་པ་དང་མི་དམངས་དང་ཁ་ཕྲལ་དགོས་པ་དེ་རྒྱལ་པོ་ཉིད་ནས་སྣེ་ཁྲིད་དེ་མཛེ་ནད་འགོས་ཁྱབ་མི་འགྲོ་བར་སྔོན་འགོག་གི་ནུས་པ་གལ་ཆེན་ཐོན་ཡོད། བོད་ལ་མཛེ་ནད་ཅན་རྣམས་ཁ་ཕྲལ་ཏེ་ལོགས་སུ་འཇོག་པའི་ཐབས་ཤེས་དེ་དངོས་སུ་ལག་བསྟར་བྱས་པ་ཡིག་ཐོག་ཏུ་འཁོད་ནས་ད་བར་ལོ་ངོ་1443ཙམ་སོང་ཞིང་། དེང་སྐབས་གསོ་རིག་གིས་རིམས་ནད་སྔོན་འགོག་སྐབས་ནད་པ་ཁ་ཕྲལ་ནས་འཇོག་པའི་ཐབས་དེ་རབ་བྱུང་བཅོ་ལྔ་པ་ཙམ་གྱི་ནང་གཞི་ནས་ལག་བསྟར་བྱུང་བའོ། །དེ་ཡང་རིམས་ནད་འགོག་བཅོས་བྱ་ཐབས་དེ་སྔར་གྱི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་ཙམ་མ་ཟད། དུས་ད་ལྟའང་ལག་བསྟར་བྱེད་བཞིན་ཡོད། དེའང་རྒྱལ་པོ་འབྲོང་གཉན་ལྡེའུ་ཡི་རང་ཉིད་བློས་གཏོང་དང་རྒྱལ་སྐྱོང་འབངས་གཅེས་ཀྱི་རླབས་ཆེན་མཁྱེན་དཔྱོད་ལས་རིམས་ནད་དེ་ཉིད་བློན་འབངས་ཡོངས་ལ་མི་འགོ་བའི་ཆེད་དུ་རང་ཉིད་གསོན་དུར་དུ་ཞུགས་ནས་རིམས་ནད་འགོག་བཅོས་བྱེད་པའི་ཐབས་ལམ་དེ་ཉིད་ད་བར་མ་ཉམས་རྒྱུན་འཛིན་ལེགས་པར་བྱས་ཡོད་པའང་ཤེས་རྟོགས་ཐུབ་པ་ཡིན་ནོ། །

གསུམ། རིམས་ནད་ཀྱི་གསོ་བཅོས་ཐབས་ལམ་སྐོར།
        གསོ་བཅོས་ཐབས་ལམ་ཐད་སྔར་གྱི་གསོ་རིག་མཁས་དབང་རིམ་བྱོན་རྣམས་ཀྱི་མཁྱེན་དཔྱོད་རྩལ་ལས་འཁྲུངས་པའི་ཁྱད་འཕགས་ཀྱི་གཞུང་ལུགས་ཁག་ཏུ་གཉན་རིམས་གསོ་ཐབས་ཀྱི་ལག་ལེན་མྱོང་བྱང་དམར་ཁྲིད་ཁ་གསལ་བར་ཕྱི་རབས་པ་རྣམས་ལ་བསྩལ་ཡོད། ང་ཚོ་བོད་ལུགས་གསོ་རིག་རྐང་འཛིན་མི་སྣ་རྣམས་ཀྱིས་ཀྱང་རིག་པ་དཔེ་དེབ་ཁོ་ནའི་ཐོག་ཏུ་འཇོག་པ་ཙམ་མ་ཡིན་པར་ཁྱད་ཆོས་ལྡན་པའི་གསོ་བཅོས་ཀྱི་ཐབས་ལམ་དག་སྔོག་འདོན་དང་། བེད་སྤྱོད་ཀྱི་རིན་ཐང་མངོན་ཐུབ་པ་བྱས་ནས་ད་ཐེངས་འགོས་ཁྱབ་ཆེ་བའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་བཅོས་ཐད་ལ་བོད་ལུགས་གསོ་རིག་གི་ནུས་པ་འདོན་སྤེལ་བྱ་རྒྱུ་གལ་ཆེའི་གནས་སུ་གྱུར་ཡོད། དེ་ཡང་གཤམ་ལ་ལོ་རྒྱུས་ཀྱི་འཕེལ་རིམ་བཞིན་རིམས་ནད་གསོ་བཅོས་ཀྱི་སྐབས་སུ་བོད་ལུགས་གསོ་རིག་ལས། གཉན་ནད་གདུག་པའི་རིམས་རྒོད་ལ། །རྣམ་པ་མང་ཡང་རྒྱུད་དུ་ཆེར་མ་གསུངས། །དུས་ཀྱི་དབང་གིས་རྣམ་འགྱུར་སྣ་ཚོགས་སྟོན། །དེ་དང་བསྟུན་པའི་བཅོས་ཀྱང་ཁྱད་པར་ཆེ། །དེ་ཕྱིར་དུས་བབ་གཏེར་མ་ཟབ་ཁྱད་འཕགས། །ཞེས་པ་ལྟར་གཉན་རིམས་ཐོག་འབབ་ཏུ་ཆེས་ཟབ་པའི་གཏེར་སྨན་ལུགས་ལས་བསྟན་པའི་གསོ་ཐབས་ཁག་ལྔ་ཙམ་ཞིག་གཤམ་དུ་བསྟན་པར་བྱའོ། །

1.གྲུབ་ཆེན་ཨོ་རྒྱན་པས་རིམས་ནད་སྐོར་གྱི་གསོ་བཅོས།
        དེ་ཡང་རིམས་ནད་དམ་གཉན་རིམས་འདིར་ཐོག་མའི་བཅོས་ཐབས་ཀྱི་ལོ་རྒྱུས་དེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བཅོས་ཐབས་ཐོག་མར་མཛད་པ་དེ་ཡིན་ཞིང་། མན་ངག་ལྷན་ཐབས་ཀྱི་གཉན་རིམས་ཀྱི་ལེའུ་ལས། གཉན་ཞེས་བྱ་བའི་དུག་ཅན་ནད་སྣ་ནི། །བསོད་ནམས་མཐུ་ཞན་སྙིགས་དུས་སེམས་ཅན་ལ། །གཞུང་ཆེན་རྣམས་སུ་མ་གྲགས་ནད་སྣ་དང་། །ཕྱོགས་ཙམ་མ་གཏོགས་མ་གསུངས་དུ་མ་བྱུང་། །བཅས་པའི་ལོང་མེད་འཕྲལ་དུ་ཐོག་འབབ་གསོད། །གཉན་ནད་ནག་པོས་འཛམ་གླིང་བཞི་ཆ་སྟོང་། ། ཞེས་གསུངས་པ་ལྟར་གཉན་རིམས་ཞེས་པ་འདི་གདུག་པ་ཅན་གྱི་ནད་རིགས་ཞིག་ཡིན་པ་དང་། ཚེ་སྲོག་ལ་ཤིན་ཏུ་རྒོལ་བས་ན་ཕོག་མ་ཐག་འཕྲལ་ཏུ་ཐོག་འབབ་གསོད་དགོས་པའི་གསོ་ཐབས་ཀྱི་རྩ་དོན་བསྟན་ཡོད་པ་དང་། གྲུབ་ཆེན་ཁོང་གིས་བརྩམས་གནང་བའི་བདུད་རྩིའི་བུམ་ལ་ལས་ཀྱང་གཉན་རིམས་ནད་ཀྱི་གསོ་བཅོས་ལ་དང་པོ་གཉན་གྱི་རི་བོ་བསྙིལ་དགོས་པ་དང་། བར་དུ་ཚད་པ་གཅོག་དགོས་པ། མཐའ་མ་རླུང་བཅོས་བྱ་ཞིང་ལུས་ཟུངས་གསོ་དགོས་པའི་གསོ་བཅོས་ཀྱི་ཐབས་ལམ་ཡང་ཁ་གསལ་བསྟན་གནང་ཡོད་དོ། །

2.གཡུ་ཐོག་ཡོན་ཏན་མགོན་པོས་རིམས་ནད་སྐོར་གྱི་གསོ་བཅོས།
        རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས། རང་རེ་གངས་ཅན་པ་རྣམས་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་ཞིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། གཞུང་ལུགས་ཐམས་ཅད་ཀྱི་མ་ཕྱིར་འགྱུར་ཞིང་ཡན་ལག་བརྒྱད་དང་ལྡན་པ། ཆེ་བ་ཡོན་ཏན་བཅུ་བདུན་དང་ལྡན་ཞིང་གཞུང་ལུགས་འདིའི་ཁྲོད་དུ་ནད་གཞི་ངོས་འཛིན་དང་། སྔོན་འགོག་བདེ་སྲུང་། གཉེན་པོ་བཞི་ལྡན་གྱི་གསོ་བཅོས། ཁྱད་པར་རིམས་ནད་གསོ་བའི་ལེའུ་ཞེས་རིམས་ནད་ཀྱི་རྒྱུ་རྐྱེན་མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད་པ་ལས་བསླང་བ། དུས་བཞིའི་འབྱུང་བ་ལོག་པ། དྲག་ཤུལ་དང་ཁ་ཟས་མི་སྙོམས་པ་བསྟེན་པ་ལ་སོགས་ཀྱི་རྐྱེན་གྱིས་འདུ་བ་འཁྲུགས་ཏེ་འཇུག་སྒོ་དྲུག་ཏུ་ཞུགས་ནས་རིམ་གྱིས་མཆེད་པ་དེ་བཞིན་ནད་འདིའི་བརྟག་ཐབས་དང་། བཅོས་ཚུལ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་ཞིབ་ཅིང་རྒྱས་པ་འཁོད་ཡོད་པ་ལས་སྐབས་དེ་དུས་ནས་བོད་ལུགས་གསོ་རིག་གིས་གཉན་རིམས་ནད་ཀྱི་གསོ་བཅོས་ཐད་ལ་ལེགས་སྐྱེས་མི་དམན་པ་འཕུལ་ཡོད་པའང་གསལ་བར་མཚོན་ཐུབ་བོ། །

3.གཏེར་སྟོན་ཆེན་པོ་རཏྣ་གླིང་པས་རིམས་ནད་སྐོར་གྱི་གསོ་བཅོས།
        སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པ་ནི་སྤྱི་ལོ་1403ལོར་འཁྲུངས་ཞིང་། ཁོང་གིས་རིམས་ནད་གསོ་བཅོས་སྐོར་ལ་ཞི་སྦྱོངས་སྦྲགས་མ་གང་གི་ཚུལ་དུ་ཡང་བསྟེན་རུང་བའི་མཆོག་གི་གཉེན་པོ་རྟ་ཟི་དམར་པོ་འདི་ཉིད་གློ་ཚད་དང་གཉན་ཚད་ཀྱི་རྒྱུ་ཁྲག་མཁྲིས་རྩད་ནད་འབྱིན་པར་བྱེད་པའི་གཏེར་མའི་ལུགས་ཀྱི་སྨན་སྦྱོར་འདི་ཉིད་ཕྱག་བཞེས་མཛད་པར་སྣང་ངོ་། །

4.ཁམས་གཙང་འབྲུག་རྒྱལ་གྱིས་རིམས་ནད་སྐོར་གྱི་གསོ་བཅོས།
        བོད་རབ་བྱུང་བཅོ་ལྔ་པ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་1908ལོར་འཁྲུངས་པའི་ཁམས་གཙང་འབྲུག་རྒྱལ་ལགས་ནི་མདོ་སྔགས་ཀྱི་རིག་གནས་སྤྱི་ལ་མཁས་ཤིང་། ལྷག་པར་དུ་གསོ་རིག་ཐད་ལ་མཛད་པ་རླབས་པོ་ཆེ་བཞག་གནང་ཡོད། དེ་ཡང་སྐབས་སུ་འབབ་པ་རིམས་ནད་སྐོར་ལ་དམ་པ་ཁོང་གིས་དེང་དུས་སུ་ཆེས་དར་ཆེ་བའི་རང་བཞིན་ཅན་གྱི་རིམས་ནད་དང་གཉན་ནད། རྒྱུད་དང་དགོངས་འགྲེལ་རྣམས་སུ་ཆེར་མ་གསུངས་པའི་ནད་གསར་གྱི་སྐོར་རྣམས་ལ། དམ་པ་འདི་ཉིད་ཀྱིས་ས་གཏེར་དང་དག་སྣང་དགོངས་གཏེར་སོགས་ཀྱི་སྒོ་ནས་རིམས་ནད་ལ་ངོས་འཛིན་དང་གསོ་བཅོས་ལ་རྨོངས་པའི་ནད་གང་དང་གང་ལའང་དམ་པ་ཉིད་ཀྱིས་ནད་ཀྱི་མིང་དང་། དབྱེ་བ། བབས་སྒོ །ནད་རྟགས། གཉེན་པོ། འཚོ་འཆི་སོགས་ཐོགས་པ་མེད་པར་བསྟན་ཡོད།
        མདོར་ན་རིམས་ནད་གསོ་བཅོས་གཞུང་ཁག་ལས་གསལ་བའི་འགོག་བཅོས་ཐབས་ལམ་ནི་གཉན་རིམས་ཀྱི་སྔོན་འགོག་དང་གསོ་བཅོས་ཀྱི་ལག་ལེན་རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད་པ་དེ་ལོ་རྒྱུས་གཅིག་པུ་མ་ཡིན་པར། རིམས་ནད་གསོ་བཅོས་ཀྱི་རྩ་དོན་དག་ད་ལྟ་ནད་ཐོག་ཏུ་དོན་འཁྱོལ་དང་རིམས་ནད་ཕོག་མཁན་དག་ནད་མེད་དམངས་དང་འབྲེལ་ཐུག་མེད་པར་ཐག་རིང་པོར་ཁ་ཕྲལ་ནས་འཇོག་པ་དང་། ནད་རིམས་གཉན་དང་བསྡོངས་པས་དེ་འགོས་ལམ་ཁ་རླངས་དྲི་དང་མཆིལ་སྣབས་སོགས་ལས་མཆེད་པས་སྣ་སྒོ་བ་སྤུའི་བུ་ག་ལ་སོགས་སྤྱོད་ལམ་གྱི་འགོག་སྲུང་དང་གསོ་བཅོས་ཀྱི་གཉེན་པོ་ཞིབ་པར་བསྟན་ཡོད་པའོ། །

བཞི། སྒོས་སུ་ཏོག་དབྱིབས་ནད་དུག་གསར་པའི་འགོག་བཅོས་ཐབས་ལམ།
        2019ལོའི་ཟླ་12པའི་ཟླ་འགོར། ཀྲུང་གོ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གསར་པའི་དབུགས་ལམ་དོས་དྲག་ནད་གཞི་བྱུང་བ་དང་། དེ་མུར་ཀྲུང་གོ་ཡོངས་སུ་འགོས་ཁྱབ་བྱུང་བ་རེད། ཉེ་དུས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2019ལོའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དེ་རྒྱལ་སྤྱིའི་དོ་སྣང་ཅན་གྱི་ཐུན་མོང་འཕྲོད་བསྟེན་དོན་རྐྱེན་ཞིག་ཏུ་ཁྱབ་བསྒྲགས་བྱས་ཡོད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་གཉན་རིམས་དེ་ཡང་བོད་ལུགས་གསོ་རིག་གི་གཞུང་ཆེན་ཁག་ནས་བསྟན་པའི་སློང་རྐྱེན་བཞིན་དུ་མི་རྣམས་འདོད་པའི་དབང་གིས་མི་རུང་བའི་ཁ་ཟས་བསྟེན་པ་དང་། རང་རྒྱུད་ངན་པས་ཀུན་ནས་བསླངས་ཏེ་སྤྱོད་ལམ་ལོག་པ་བཅས་ལས་ད་ཐེངས་ཀྱི་རིམས་ནད་འདི་འབྱུང་བ་ཡིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དེ་ལྟ་བུའི་ཕོག་ཚད་མྱུར་བ་ནི་ནད་དུག་འདི་བྱུང་བ་ནས་ད་བར་ཞིབ་འཇུག་བྱས་པ་བརྒྱུད་ནད་གཞི་འདི་མི་དང་མིའི་དབར་འགོ་ཞིང་མཆེད་པའི་སྣང་ཚུལ་ལ་དཔང་རྟགས་ཁུངས་བཙུན་བྱུང་ཡོད། དེ་ལས་ནད་འདི་མི་དང་མིའི་དབར་འགོས་ཁྱབ་བྱུང་བ་ནི་མི་ཚོགས་མང་བའི་སར་འགྲོ་བསྐྱོད་བྱས་པ་དང་། ནང་མི་སྤུན་མཆེད་འཛོམས་པ་ལས་མཆེད་པ། ནད་རྟགས་མི་མངོན་པའི་མི་སྒེར་ལས་འགོས་པ་སོགས་ཡིན། དེས་ན། ཏོག་དབྱིབས་ནད་དུག་ལས་རྣམ་པར་རྒྱལ་ཐུབ་པ་དང་། ནད་གཞི་འདི་འགོས་ཁྱབ་མི་འབྱུང་བར་ཚོད་འཛིན་ཡོང་ཐུབ་པ་བཅས་དགོས་པར་ནད་གཞི་ཕོག་པའི་མི་དང་ནད་མེད་དབར་འབྲེལ་གཏུག་མེད་པ་བྱ་དགོས་རྒྱུ་དེ་ཡིན།
        སློབ་དཔོན་པདྨ་འབྱུང་གནས་མཆོག་གིས། ལུང་པའི་མདའ་སྒོ་བསྲུང་བ་དང་། །འཇུག་པའི་སྒོ་གསུམ་བགག་པ་དང་། །གྲོང་ཁྱེར་འདྲེས་ཐག་གཅད་པ་དང་། །ཞེས་གསུངས་པ་ལྟར་གཉན་རིམས་ཀྱི་ནད་དེ་མཆེད་པའི་སྐབས་སུ་ཡུལ་ལུང་སོ་སོའི་མདའ་སྒོ་སྟེ་ཡུལ་མཚམས་གཞན་དང་འབྲེལ་ས་བཙན་པོར་བསྲུང་བ་དང་། དེ་བཞིན་སྔགས་དང་རྫས་ཀྱིས་བསྲུང་བ་ནི་ནག་པོ་དགུ་སྦྱོར་ལ་སོགས་ཀྱི་དྲི་ཡི་ནུས་པ་ཆེ་བའི་སྨན་རྫས་སྐེ་ལ་བཏགས་པ་དང་། གོང་དུ་བསྟན་པའི་གུ་གེ་ཆིག་དྲིལ། རྟ་ཟི་དམར་པོ་དང་། ལོ་གྱོན་མ་སོགས་ཀྱི་རིམས་སྲུང་སྨན་བསྟེན་རྒྱུ། དེ་བས་གལ་ཆེ་བ་ནི་གསོ་བྱའི་ཁ་སྣ་འཕོངས་གསུམ་གྱི་བུ་ག་རྣམས་དམ་པོར་བསྲུང་བ། དེ་བས་མི་ཚོགས་འདུ་ཚོགས་ཆེ་བའི་གནས་སམ་ནད་ཡམས་ཁྱབ་སའི་གྲོང་ཁྱེར་གྱི་མི་རྣམས་གནས་སྐབས་ཡུལ་གཞན་དང་མི་འདྲེས་པའམ་འབྲེལ་ཐག་གཅད་དགོས་པའི་གསོ་ཐབས་ནི་མི་ལོ་ཆིག་སྟོང་ལྷག་གི་སྔོན་ནས་གྲོས་འདོན་དང་། ནན་ཏན་གྱི་བསླབ་འདོམས་མཛད་ཡོད། དེ་ཡང་ཉེ་དུས་གནས་སྐབས་ཡུལ་གཞན་དང་མི་འདྲེས་པའམ་འབྲེལ་ཐག་བཅད་པའི་ཧུའུ་པེ་ཞིང་ཆེན་ཝུ་ཧན་གྲོང་ཁྱེར་གྱི་རྣམ་པ་ལྟ་བུ་ལས་གསལ་རྟོགས་ཐུབ་པ་ཡིན་ནོ། ། 

◆ རྩོམ་པ་པོ།
1.ཕུན་ཚོགས་ཆོས་སྒྲོན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་2017ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།
2.ཚེ་རིང་བདེ་སྐྱིད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནད་ཐོག་སློབ་དཔྱོད་ཁང་། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1