༄༅།།དྲ་ལམ་ནས་སྒོར་འབུམ་2ལྷག་རི་བའི་དབྱར་རྩྭ་གཡོ་འཕྲོག་བྱས་པས་གཟབ་རོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-21



          ད་ཆ་དངོས་པོ་འབྱོར་རྗེས་དངུལ་སྤྲོད་པ་ནི་མི་མང་པོ་ཞིག་གི་དྲ་ཐོག་ཚོང་རྫས་ཉོ་སྒྲུབ་བྱེད་སྟངས་ཤིག་ཡིན་མོད།
འོན་ཀྱང་མི་འགའ་ཞིག་གིས་ཏག་ཏག་དེར་བརྟེན་ནས་དངོས་ཟོག་གཡོ་འཕྲོག་བྱེད་བཞིན་ཡོད། 
          ཉེ་ཆར། ཀྲེ་ཅང་ཆིན་ཐེན་རྫོང་(浙江青田县)གི་ཀྲའོ་ཆེ་གེ་མོས་ཉོ་མཁན་ལ་བརྫུས་ཏེ་རིན་ཐང་སྒོར་འབུམ་2ཁྲི་4སྟོང་5ཟིན་པའི་དབྱར་རྩྭ་དགུན་འབུ་གཡོ་འཕྲོག་བྱས་ཡོད། 

          མྱུར་སྐྱེལ་མཁན་སྐུ་ཞབས་ཀྲེན་གྱིས་དངོས་ཟོག་འབྱོར་རྗེས་དངུལ་སྤྲོད་པའི་མྱུར་སྐྱེལ་སྒམ་ཆུང་བཞི་ཀྲའོ་ཆེ་གེ་མོར་བསྐྱལ་ཞིང་། མྱུར་སྐྱེལ་སྒམ་ཆུང་དེ་དག་ནི་རིན་ཐང་ཆེན་པོ་ལྡན་པའི་དབྱར་རྩྭ་དགུན་འབུ་ཤ་སྟག་ཡིན་པ་རེད། 
          དོགས་ཡོད་ཉེས་ཅན་ཀྲའོ་ཆེ་གེ་མོ་དང་ཐུག་འཕྲད་བྱས་རྗེས་ཁོས་དངོས་ཟོག་དེ་དག་གི་རིན་གོང་ཅུང་མཐོ་བས་སྔོན་ལ་ཉར་ཚགས་ཡག་པོ་བྱེད་དགོས་པ་དང་། དེ་ནས་མྱུར་སྐྱེལ་མཁན་དང་མཉམ་དུ་སྒོར་མོ་ལེན་པར་འགྲོ་དགོས་ཞེས་བཤད་ཅིང་། ཁོས་ཀྲའོ་ཆེ་གེ་མོ་དང་མཉམ་དུ་མྱུར་སྐྱེལ་དངོས་ཟོག་ཐོག་ཁང་གཉིས་པར་སྤོས་པ་དང་། དེ་ནས་ཀྲའོ་ཆེ་གེ་མོས་དབྱར་རྩྭ་དགུན་འབུ་ཉར་ཚགས་བྱེད་པར་སྟབས་མི་བདེ་ཚུལ་ལ་ཁ་གཡར་ཏེ་མྱུར་སྐྱེལ་མཁན་ཀྲེང་ལ་སྒོ་ཁར་སྒུག་ཏུ་བཅུག 

          མྱུར་སྐྱེལ་བ་སྐུ་ཞབས་ཀྲེང་གིས་ཐོག་ཁང་གི་འོག་ཏུ་ཡུད་ཙམ་བསྒུགས་རྗེས། ཀྲའོ་ཆེ་གེ་མོ་ད་དུང་ཕྱིར་མ་ཐོན་པ་དང་ཁ་པར་ཡང་སྒོ་བརྒྱབ་ཡོད་པ་དང་། དེ་ནས་མྱུར་དུ་ཁང་པའི་སྒོ་ཕྱེ་ནས་བལྟས་ཚེ། ཀྲའོ་ཆེ་གེ་མོ་དང་རིན་གོང་སྒོར་འབུམ་2དང་ཁྲི་4སྟོང་5ཟིན་པའི་དབྱར་རྩྭ་དགུན་འབུ་གར་སོང་ཆ་མེད་དུ་གྱུར་ཞིང་། ཐང་ན་ཤོག་སྒམ་སྟོང་བ་མང་པོ་ཡོད་པ་མཐོང་བ་དང་ད་གཟོད་གཡོ་འོག་ཏུ་ཚུད་པ་ཤེས་ནས་ཉེན་བརྡ་བཏང་། 
          ཉེན་བརྡ་འབྱོར་རྗེས། ཝུན་ཞི་མངགས་གཏོང་ཁང་གི་ཉེན་རྟོག་པས་མྱུར་དུ་ལྟ་སྐུལ་ཚོད་འཛིན་གྱི་བརྙན་རིས་གཞིར་བཟུང་ནས་ཤེས་རྟོགས་བྱུང་བའི་ཁུངས་སྣེ་གསེད་བཀྲོལ་དང་བརྟག་དཔྱད་བྱས་པ་བརྒྱུད། དུས་ཡུན་ཆུ་ཚོད་7གྱི་རྗེས་སུ་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས། 
          ལྟ་སྐུལ་ཚོད་འཛིན་གྱི་བརྙན་རིས་ལས་ཀྲའོ་ཆེ་གེ་མོས་མྱུར་སྐྱེལ་སྒམ་ཆུང་བླངས་རྗེས་ཁང་པའི་ལྟག་སྒོ་བརྒྱུད་ནས་བྲོས་པ་དང་། ཁང་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོ་ནི་ཁང་བདག་གི་བོགས་ལེན་དུད་ཚང་མ་ཡིན་པ་དང་།
དེ་སྔོན་ཁོང་གི་ཁྱིམ་དུ་ཁང་པར་ལྟ་རུ་ཡོང་མྱོང་ཡོད། ཀྲའོ་ཆེ་གེ་མོས་ཁང་པ་གླ་བར་ཁ་གཡར་ནས་མཐའ་འཁོར་གྱི་ས་བབ་ལ་གསལ་པོར་བལྟས་པ་དང་། ཁང་བདག་ཚང་ལ་ལྟག་སྒོ་ཞིག་ཡོད་པ་ཤེས་རྟོགས་བྱུང་བས་བྲོས་བྱོལ་བྱེད་བདེ་བ་ཤེས། དེའི་མི་ཚད་ཁང་བདག་གིས་ཐོག་བརྩེགས་དང་པོར་ཚོང་ཁང་གཉེར་གྱི་ཡོད་པ་དང་། དུས་རྒྱུན་ཁང་པར་ཟྭ་རྒྱག་མི་སྲིད་པས་བྲོས་བྱོལ་གྱི་གོ་སྐབས་བྱུང་། 

          ཉེན་རྟོག་ཕྱོགས་ཀྱིས་མྱུལ་ཞིབ་བྱས་རྗེས་ཉེས་གསོག་དོགས་ཅན་ཀྲའོ་ཆེ་གེ་མོ་ཝུན་ཀྲོའུ་ཆའོ་ཞ་གྲོང་རྡལ་གྱི་ས་ཆ་ག་གེ་མོ་ཞིག་ཏུ་སྦས་ཡོད་པ་ཤེས་ནས་མྱུར་དུ་དེར་བསྐྱོད་པ་མ་ཟད། ཉིན་དེའི་དགོང་མོའི་ཆུ་ཚོད་10པར་ཀྲའོ་ཆེ་གེ་མོ་འཛིན་བཟུང་བྱས། གྱོད་དོན་སྙན་སེང་ཞུས་པ་ནས་དུས་ཡུན་ཆུ་ཚོད་7གྱི་རིང་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་དང་། ཉེས་ཅན་སྦས་ཡོད་པའི་ཡུལ་དངོས་སུ་དབྱར་རྩྭ་དགུན་འབུ་སྒམ་4རྩད་ཆོད་པ་རེད། 
          ད་ལོའི་ཟླ་གསུམ་པར་ཀྲའོ་ཆེ་གེ་མོས་དངོས་ཟོག་སྐུར་ས་ཡག་པོ་ཞིག་བཙལ་རྗེས་པའེ་ཏུའུ་ནས་དབྱར་རྩྭ་དགུན་འབུ་འཚོང་བའི་ཚོང་ཁང་གི་ཆ་འཕྲིན་འཚོལ་ཞིབ་བྱས་ཏེ་དབྱར་རྩྭ་དགུན་འབུ་འཚོང་མཁན་ཚོང་པ་ཞིག་གི་སྐད་འཕྲིན་ཨང་གྲངས་རྙེད་པ་དང་། ཀྲའོ་ཆེ་གེ་མོས་ཚོང་ཁང་གི་སྐད་འཕྲིན་བསྣན་རྗེས་དབྱར་རྩྭ་དགུན་འབུ་ཉོ་རྒྱུ་ཡིན་ཞེས་རྫུན་བཤད་ཅིང་། དངོས་ཟོག་འབྱོར་རྗེས་དངུལ་སྤྲོད་པའི་བྱེད་ཐབས་སྤྱད་དེ་སྤྱིའི་རིན་ཐང་སྒོར་འབུམ་2དང་ཁྲི་4སྟོང་5ཟིན་པའི་དབྱར་རྩྭ་དགུན་འབུ་ཉོ་རྒྱུར་སྐད་འཕྲིན་བརྒྱུད་དེ་མངགས་རིན་སྒོར་792སྤྲད། 
          མྱུར་སྐྱེལ་མཁན་གྱིས་སྒོ་ནང་དུ་དངོས་ཟོག་བསྐྱལ་རྗེས་ཀྲའོ་ཆེ་གེ་མོས་ཚོང་ཟོག་ཡག་པོ་བཞག་རྗེས་མཉམ་དུ་སྒོར་མོ་ལེན་དུ་འགྲོ་ཞེས་རྫུན་གཏམ་བཤད་རྗེས་ལྟག་སྒོ་ནས་བྲོས། དེའི་གོང་ཁོས་བྱེད་ཐབས་གཅིག་མཚུངས་སྤྱད་དེ་ཝུན་ཀྲོའུ་རུ་སྒོར་འབུམ་1དང་ཁྲི་2ལྷག་ཙམ་གྱི་དབྱར་རྩྭ་དགུན་འབུ་གཡོ་ལེན་བྱས་ཡོད་པ་དང་། ཟླ་གསུམ་ཡང་མ་སོང་བར་ཀྲའོ་ཆེ་གེ་མོས་རྒྱན་ཤོག་ཉོས་ནས་སྒོར་མོ་ཡོད་ཚད་བཀོལ་ཚར་རྗེས། སླར་ཡང་གཡོ་ལེན་བྱེད་པའི་བྱ་སྤྱོད་འདི་སྤེལ་བ་ཡིན་འདུག 
          དྲ་ལམ་ནས་ཅ་དངོས་རྩ་ཆེན་འཚོང་བཞིན་མཁན་གྱིས་རང་ཐོག་ཏུ་དོན་འདི་རིགས་འབྱུང་བར་ངེས་པར་དུ་དོགས་ཟོན་གནང་དགོས་སོ།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1