བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་མ་ལག་གི་ཐོག་མའི་རྣམ་པ་གྲུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-22



          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གྲོ་མོའི་ཉ་ཤའི་བེ་ཤ་ལྕགས་ཀྲིན་དང་། ནས་འབྲས། པད་ཁའི་སྣུམ། ཞོག་ཁོག་ཕིན། རི་སྐྱེས་མོག་རོ་ནག་པོ་སོགས་ཅིང་ཏུང་གཞིས་རྩེ་ཁང་གི་དྲ་ངོས་ཀྱི་ཁ་ཕྱེས་ཚེ་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་མཐོང་ཐུབ་ཀྱི་ཡོད། གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འདི་དག་ཅིང་ཏུང་ལས་སྟེགས་ཐོག་བཞག་པ་ནས་བཟུང་། རིམ་རྩིས་བྱས་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1000ལས་བརྒལ་ཡོད་ཅིང་། འདི་ནི་2019ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཅིང་ཏུང་དང་མཉམ་འབྲེལ་བྱས་ནས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་རེད། 
          2019ལོའི་ཟླ་10པར། གཞིས་རྩེ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་མཛུབ་སྟོན་འོག ཅིང་ཏུང་སོགས་རྒྱལ་ནང་གི་དྲ་ཐོག་ཚོང་དོན་ཁེ་ལས་གཙོ་བོར་བརྟེན་ནས་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། ལོ་ཕྱེད་ལྷག་ཙམ་རིང་ཏོག་དབྱིབས་ནད་དུག་གསར་པ་ལས་བྱུང་བའི་ཤུགས་རྐྱེན་ཁྱད་བསད་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱིས་བཏོད་པའི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་མ་ལག་གི་ཐོག་མའི་རྣམ་པ་གྲུབ་ཅིང་། འདི་ནི་ས་གནས་དེ་གའི་ཐོན་ལས་དབུལ་སྐྱོར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་རོགས་རམ་བྱ་རྒྱུ་རེད།
 
འདི་ནི་ཅིང་ཏུང་གཞིས་རྩེ་ཚོང་ཁང་གིས་ཕྱིར་ཚོང་བྱས་པའི་གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་རེད། 
          སྟོབས་ཤུགས་མཉམ་འབྲེལ་བྱས་ནས་ཐུན་མོང་སྒོས་ཁྱད་ལྡན་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱས། 
          གཞིས་རྩེ་གྲོང་ཁྱེར་གྱིས་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིར་བཅོལ་གདམ་བྱས་པ་དང་། ཅིང་ཏུང་ ། ཏིག་དབྱིན། ཞེ་ཁྲེང་སོགས་དྲ་སྦྲེལ་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་ལས་སྟེགས་སོ་སོའི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས། གོ་སྐབས་དམ་འཛིན་དང་མཉམ་འདྲེས་ཀྱི་ཐབས་ལམ་ཡང་དག་བཙལ་བ་དང་། རྣམ་གྲངས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་རྣམ་གྲངས་ཀྱི་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།  2019ལོར་ཅིང་ཏུང་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་ནས་བཟུང་། ཅིང་ཏུང་གི་ཟོག་འགྲེམས་དང་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ལེགས་ཆ་བེད་སྤྱད་དེ་གཞིས་རྩེའི་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་ཐུབ་ཀྱི་ཡོད་པ་རེད།  2019ལོའི་ཟླ་10པ་ནས་བཟུང་བྲིན་ཚོང་དང་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཅིང་ཏུང་བོད་ལྗོངས་ཚོང་ཁང་དང་། ཅིང་ཏུང་གཞིས་རྩེ་ཚོང་ཁང་། ཅིང་ཏུང་གཞིས་རྩེའི་དབུལ་སྐྱོར་ཁང་སོགས་ཀྱི་ལས་སྟེགས་ཀྱི་དྲ་ཐོག་བྲིན་ཚོང་གི་དངུལ་འབོར་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དང་། དྲ་འོག་འགྲེམས་ཁང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་300ལྷག་ཙམ་ཟིན་གྱི་ཡོད། 
          གཞན་ཡང་། ཅིང་ཏུང་གིས་ད་དུང་ཞེ་ཁྲེང་དང་མཉམ་འབྲེལ་བྱེད་པའི་འདོད་མཐུན་ཡི་གེ་བཞག་སྟེ་དངོས་ཐོག་ཚོང་ཁང་གི་ཐོན་ཁུངས་བེད་སྤྱད་ནས་གཞིས་རྩེའི་ཐོན་རྫས་མཉམ་ལས་དང་བྲིན་ཚོང་བྱས་པ་རེད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་ཀྱང་ཀྲུང་གོའི་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་གཞིས་རྩེ་ཡན་ལག་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐེན་དབྱི་ཆ་བསགས་ཚོང་གྲོང་གི་གནད་སྨིན་དབུལ་སྐྱོར་ཆེད་དོན་ཁུལ་དང་།   དེ་བཞིན་གློག་འཕྲིན་ཚོང་ཁང་སོ་སོའི་དྲ་འོག་གི་ཆ་བསགས་བརྗེ་སྒྱུར་ཆེད་དོན་ཁུལ་དུ་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། 
          ཧུར་ཐག་སྒོས“འཛུགས་སྐྲུན་ཆེན་པོ་ལྔ”སྤེལ་ནས“རང་བརྟེན”གྱི་ནུས་པ་ཆེ་རུ་བཏང་བ། 
          དྲ་སྦྲེལ་ཁེ་ལས་ནང་འདྲེན་གྱི་ཐད་་དྲ་སྦྲེལ་ཁེ་ལས་ཀྱི་ལེགས་ཆར་བརྟེན་ནས་གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱ་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་དྲ་ཐོག་ཚོང་དོན་གྱིས་གྲོང་ཁྱེར་རིམ་པའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་། ཟོག་འགྲེམས་མ་ལག་རྒྱ་ཆེར་གཏོང་བ། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་མཁོ་སྤྲོད་སྦྲེལ་ཐག་མ་ལག་གཏོད་པ། “ཚོན་མདོག་སྣ་བདུན་གྱི་ཇོ་རིའི”སྤུས་རྟགས་གསར་གཏོད་དང་། ཚོང་གཉེར་ཞབས་ཞུ། ཤེས་ལྡན་མི་སྣ་འཛུགས་སྐྱོང་། གསོ་སྦྱོང་སོགས་ཕྱོགས་ལྔའི་ཐད་ནས་ཤུགས་སྣོན་བརྒྱབ་ཡོད་པ་རེད། “འཛུགས་སྐྲུན་ཆེན་པོ་ལྔ”བརྒྱུད་དེ་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དེ་ནི་མཚོ་བོད་ས་མཐོའི་ལེགས་ཆ་དང་མི་འདང་སར་བརྟེན་ནས་འཚོལ་ཞིབ་བྱས་པའི་བོད་ལྗོངས་ལ་འཚམ་པའི་དྲ་ཐོག་ཚོང་དོན་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་དྲ་ཐོག་ཚོང་དོན་གྲོང་ཚོར་བསྐྱོད་ནས“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་བར་སྐུལ་འདེད་དང་།ཡུན་རིང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་རེད། 

འདི་ནི་གློག་རྡུལ་ཚོང་དོན་མི་སྣར་གསོ་སྦྱོང་བྱེད་པའི་རྣམ་པ་རེད།

འདི་ནི་གཞིས་རྩེ་གྲོང་ཁྱེར་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་རེད།
འདི་ནི་དྲ་འོག་གི་ཕྱིར་ཚོང་འགྲེམས་ཁང་རེད། 
          གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་གློག་རྡུལ་ཚོང་དོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་2000ཟིན་པའི་གྲོང་ཁྱེར་རིམ་པའི་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་མའི་རྣམ་པ་ཞིག་བཙུགས་ཟིན་ཞིང་། དེའི་ནང་གཙོ་བོ་གློག་རྡུལ་ཚོང་དོན་གྱི་བློ་འདྲི་བ་དང་། ལག་རྩལ། ཇུས་འགོད། སྤུས་རྟགས་ཇུས་འགོད། བཙོངས་རྗེས་ཀྱི་དོ་དམ། དྲ་ཐོག་གི་བྲིན་ཚོང་དང་དྲ་འོག་གི་ཉམས་ལེན་སོགས“གཅིག་འཐུས་རྣམ་པའི”ཞབས་ཞུ་ཚུད་ཡོད་པ་དང་། ཟོག་འགྲེམས་མ་ལག་གི་ཐད་ནས་གཞིས་རྩེ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་མཉམ་འབྲེལ་བྱས་ཏེ། སྨི་ངོས་སྙོམས་གྲུ་བཞི་མ་2000ལྷག་ཙམ་ཡོད་པའི་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་ལྟེ་གནས་ཤིག་བཙུགས་ཡོད་ཅིང་། དེར་རང་གཉེར་ཟོག་འགྲེམས་རླངས་འཁོར་ཡོད་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་མཛོད་འཇུག་སྡེབ་སྐྱེལ་གྱི་མ་ལག་འཐུས་ཚང་དུ་བཏང་ནས་ཧྲེན་ཐུང་དང་། ཡུན་ཏ། པའེ་ཧྲི་ཧུའེ་ཐུང་སོགས་ཀྱི་ཁེ་ལས་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་ཀྱ“ཆེས་མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས་ཡོད་པ་རེད། 
          གཞན་ཡང་། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་མཁོ་འདོན་གྱི་སྦྲེལ་ཐག་མ་ལག་གི་ཐོག་མའི་རྣམ་པའང་གྲུབ་སྟེ། “ཚོན་མདོག་སྣ་བདུན་གྱི་ཇོ་རིའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཧུར་ཐག་སྒོས་བཏོད་དེ་གཉེར་འཚོང་གི་བྱེད་ཐབས་སྣ་ཚོགས་སྤྱད་ནས་སྤུས་རྟགས་དེ་གཞིས་རྩེའི་མི་ཚང་མས་ལོངས་སུ་སྤྱོད་ཆོག་པའི་ཁེ་སྤོགས་ཀྱི་སྤུས་རྟགས་སུ་གྱུར་ཡོད་པ་རེད། 
          ཤེས་ལྡན་མི་སྣ་ནི་གློག་རྡུལ་ཚོང་དོན་མ་ལག་གི་སྲོག་ཤིང་གྲས་ཀྱི་གཅིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་བོད་ལྗོངས་ཧྭ་ཐུའུ་ལས་རིགས་གསོ་སྦྱོང་སློབ་གྲྭ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་གློག་རྡུལ་གྱི་ཚོང་དོན་མི་སྣ་300དང་། ས་ཚིགས་ཀྱི་འགོ་གཙོ་144སོགས་ལ་གསོ་སྦྱོང་བྱས་ཏེ་བསྡོམས་པས་མི་ཐེངས་6096ལ་གསོ་སྦྱོང་བྱས་པ་རེད། དེའི་ནང་རྒྱལ་རྩེ་དང་། གཉའ་ལམ། གྲོ་མོ་བཅས་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྫོང་གསུམ་གྱི་མི་ཐེངས་4289ལ་གསོ་སྦྱོང་བྱས་པ་ལེགས་གྲུབ་བྱུང་། རིམས་ནད་ཐོན་རིང་། ད་དུང་དྲ་ཐོག་གི་གསོ་སྦྱོང་APPཇོ་རིའི་སློབ་གསོ་གསར་སྤེལ་བྱས་པར་མ་ཟད། དྲ་ཐོག་ཚོང་དོན་གྱི་རྨང་གཞིའི་གསོ་སྦྱོང་གི་སློབ་ཚན་དང་། ས་ཚིགས་ཀྱི་འགོ་གཙོ་གསོ་སྦྱོང་གི་སློབ་ཚན་རབ་དང་རིམ་པ། དེ་མིན་ཅིང་ཏུང་སོགས་ཀྱི་ལས་སྟེགས་སུ་ཚོང་ཁང་བཙུགས་ནས་དངོས་སྦྱོང་གསོ་སྦྱོང་དང་། ཁ་ལོ་བའི་སློབ་གྲྭའི་དངོས་སྦྱོང་གསོ་སྦྱོང་གི་སློབ་ཚན་བཅས་ཀྱང་བརྒྱུད་བསྐུར་བྱས་ཏེ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་2ལྷག་གིས་བལྟས་ཡོད་པ་རེད། མ་འོངས་པར་ད་དུང་དྲ་ཐོག་ཚོང་དོན་གྱི་སློབ་ཆེན་སློབ་མ་ནང་འདྲེན་ཧུར་ཐག་བྱེད་པ་དང་། དྲ་ཐོག་བྲིན་ཚོང་སློབ་སྦྱོང་བྱེད་པའི་ལས་སྟེགས་སོགས་གསར་གཏོད་བྱས་ཏེ་རྩ་བའི་ཆ་ནས་རང་བརྟེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། 
          གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་བསྟན་དོན། ཕྱི་ཕྱོགས་དང་དྲ་སྦྲེལ་ཁེ་ལས་ཀྱི“གཞི་རྒྱུ་བསྐྱར་སྒྲིག”དང་། ནང་ཁུལ་གྱི“རང་བརྟེན”ནུས་པ་ཆེ་རུ་ཕྱིན་པ་དང་བསྟུན་ནས་གཞིས་རྩེའི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་སྣོད་བཅུད་མ་ལག་གི་ཐོག་མའི་རྣམ་པ་གྲུབ་ཡོད་པ་དང་། དེ་རྗེས་ད་རུང་མུ་མཐུད་དུ་ཐོན་ཁུངས་བེད་སྤྱད་ནས་གཞིས་རྩེའི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་སྣོད་བཅུད་མ་ལག་གཏོད་རྒྱུ་ཡིན་ཞེས་བཤད། 
          དུས་མཚུངས་སུ་ད་རུང་མུ་མཐུད་དུ་ཕྱི་ནང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཟོག་འགྲེམས་མ་ལག་སྔར་ལས་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། ཟོག་འགྲེམས་ཤར་གཏོང་ཐུབ་པ་དང་ཆབས་ཅིག་འཛད་སྤྱོད་དབུལ་སྐྱོར་གྱི་ལས་དོན་ཧུར་ཐག་སྒོས་སྤེལ་ནས། འཛད་སྤྱོད་དབུལ་སྐྱོར་གྱི་ཐོན་རྫས་བརྟན་པོའི་ངང་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1