༄༅།།ཁྲག་སྤྲི་ལ་ཞིབ་དཔྱད་བྱེད་ན་ཅི་ཞིག་ལ་དོ་སྣང་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-22


        ད་ལྟ་ཁྲག་སྤྲི་ལ་ཞིབ་དཔྱད་བྱེད་པ་ནི་མི་རྣམས་ཀྱིས་ལུས་ཕུང་ལ་ཞིབ་བཤེར་བྱེད་སྐབས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཏུ་གྱུར་ཡོད།ཡིན་ནའང་དེའི་ནང་གི་རྣམ་གྲངས་སོ་སོར་རྒྱུ་རྐྱེན་མང་པོ་ཡོད་པ་དང་།སྒོས་སུ་ཟས་རིགས་ཀྱི་ཤུགས་རྐྱེན་ཐེབས་པས།ཁྲག་བླངས་ནས་ཞིབ་བཤེར་མ་བྱས་གོང་ནད་པས་གྲ་སྒྲིག་བཟང་པོ་བྱས་ཏེ།དགོས་མིད་ཀྱི་དཀའ་ཚེགས་ལ་གཡོལ་དགོས།
        ཉིན་གསུམ་ནང་ཚིལ་མང་བའི་ཟས་བསྟེན་མི་རུང་།
        ཁྲག་སྤྲིའམ་ལྷག་པར་མངར་སྣུམ་དེ་དུས་ཡུན་ཐུང་བའི་ནང་ཟས་རིགས་ཀྱི་ཚིལ་འདུས་ཚད་མཐོ་བའི་དབང་གིས་ཇེ་མཐོར་འཕར་ངེས།དེ་བས་ཁྲག་མ་བླངས་སྔོན་གྱི་ཉིན་གསུམ་ནང་ཚིལ་མང་བའི་ཟས་རིགས་བསྟེན་མི་རུང་།
        ཆམ་པ་དྲག་རྗེས་ད་གཟོད་ཞིབ་དཔྱད་བྱེད་དགོས།
        དཔེར་ན་ཉེ་ཆར་གློ་བུར་དུ་ནད་བྱུང་བ་དང་རྨས་ཕོག་པ།གཤག་བཅོས་བྱེད་པ་སོགས་ཀྱི་གནས་ཚུལ་མིད་པའི་དུས་སུ་ད་གཟོད་རྫས་འགྱུར་ཞིབ་དཔྱད་བྱས་ན་བཟང་།མངལ་ཆགས་རྗེས་དང་ནུ་མ་སྣུན་པའི་དུས་ཀྱི་བུད་མིད་ལ་མཚོན་ན་སྐབས་དེར་ཁྲག་སྤྲི་ཇེ་མཐོར་སོང་ཡོད་པས། དུས་རིམ་འདིའི་སྐབས་ཀྱི་ཞིབ་དཔྱད་མཇུག་འབྲས་ཡང་དག་པ་ཞིག་མིན།གལ་ཏེ་མཇུག་འབྲས་ཡང་དག་པ་ཞིག་དགོས་ན། ནུ་མ་བསྣུན་མཚམས་བཞག་རྗེས་ནས་ཟླ་གསུམ་གྱི་རྗེས་སུ་ད་གཟོད་ཁྲག་བླངས་ནས་ཞིབ་དཔྱད་བྱེད་དགོས།
        ཆང་འཐུངས་རྗེས་ཁྲག་ལེན་མི་རུང་།
        ནད་ཐོག་བརྟག་དཔྱད་ལས་ཤེས་གསལ་ལྟར་ན།ཆང་མང་པོ་འཐུངས་རྗེས་ཀྱི་ཉིན2ནས3བར་ཁྲག་སྤྲི་ཇེ་མང་དུ་འགྲོ་བས།ཁྲག་མ་བླངས་སྔོན་གྱི་ཉིན3ནང་ཆང་མང་པོ་འཐུང་མི་རུང་བ་དང་།དུས་ཚོད24ནང་ཆང་ཡེ་ནས་འཐུང་མི་རུང་།
        སྐར་མ5ཡི་རིང་ལ་ངལ་གསོས་རྗེས་ཁྲག་ལེན་དགོས།
        འགུལ་སྐྱོད་བྱས་ན་ཁྲག་རྒྱུན་ནང་གི་བརླན་གཤེར་ཁྱབ་ཚུལ་ལ་གནོད་པ་ཡོད་པ་དང་།ཐ་ན་ཁྲག་སྤྲི་འདུས་ཚད་ལའང་གནོད་པ་ཡོད།ཞིབ་འཇུག་ལས་མཚོན་པ་ལྟར་ན།སྐར་མ5ཙམ་ལ་ལངས་ནས་བསྡད་ན་ཁྲག་སྤྲིའི་འདུས་ཚད5%ཇེ་མང་དུ་འགྲོ་བ་དང་།སྐར་མ15ལ་ལངས་ནས་བསྡད་ན15%ཇེ་མང་དུ་འགྲོ་བ་རེད།དེ་བས་ཞིབ་དཔྱད་སྔོན་གྱི་ཉིན་གཅིག་ནང་འགུལ་སྐྱོད་དྲག་པོ་བྱེད་མི་རུང་།ཁྲག་ལེན་སྐབས་རྐུབ་སྟེགས་སྟེང་སྐར་མ5ནས10བར་ངལ་གསོ་དགོས།།
     《རང་ཉིད་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོབ》ཅེས་པའི་དུས་དེབ་ལས་བཏུས་ཤིང་བསྒྲིགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1