༄༅།།ཁྱིམ་བདག་གིས་ལྟ་སྐྱོང་འགན་འཁྲི་ཁུར་ཏེ་བྱིས་པར་གནོད་འཚེ་ཐེབས་སུ་འཇུག་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-22


        ཉེ་བའི་ལོ་འདི་འགར།ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པའི་ཉེས་དོན་དང་དམངས་དོན་གྱོད་གཞི་ཇེ་མང་ནས་ཇེ་མང་ཡིན་ལ།གྱོད་དོན་ཁྲོད་ཀྱི་ནར་མ་སོན་པའི་མིའི་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དམའ་ཞིང་།ཁྱིམ་ཚང་གི་སློབ་གསོ་དང་ལྟ་སྐྱོང་བྱེད་པ་མི་འདང་བ་སོགས་ཀྱི་གནད་དོན་ཧ་ཅང་འབུར་ཐོན་རེད།ནར་མ་སོན་པའི་མིའི་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོ་དང་།ཁྱིམ་བདག་གིས་ལྟ་སྐྱོང་གི་འགན་འཁྲི་ལེགས་པར་འཁུར་བར་ཁྲིད་སྟོན་བྱེད་པ།ནར་མ་སོན་པའི་མིའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས།མཉམ་དུ་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པའི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བསྐྲུན་དགོས།

  ནར་མ་སོན་པའི་མིས་རླངས་འཁོར་བསྐོར་ཏེ་ཆག་སྒོ་བྱུང་བ།
  དཔེར་མཚོན་དང་པོ།
        ལོ17ལ་བུད་མ་ཐག་པའི་ལྷ་དཔལ་གྱིས་རླངས་འཁོར་བསྐོར་ཏེ་གྲོགས་པོ་འགའ་དང་མཉམ་དུ་རླངས་འཁོར་བསྐོར་རྩལ་བཟང་ངན་གྱི་འགྲན་སྡུར་བྱས། རླངས་འཁོར་བསྐོར་ཏེ་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ཐོན་དུས།ལྕགས་རྟར་ཞོན་ནས་ཚུར་འོང་བཞིན་པའི་དོན་གྲུབ་ལ་བརྡུངས་ནས་བསད་པར་མ་ཟད།ད་རུང་ལམ་འགྲམ་དུ་སྤྱི་སྤྱོད་རླངས་འཁོར་ལ་སྒུག་ཡོད་པའི་སྒྲོལ་མ་སྐྱིད་ལ་རྨས་སྐྱོན་བཟོས།འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ལྷ་དཔལ་གྱིས་འགན་འཁྲི་ཡོངས་རྫོགས་འཁུར་དགོས་པ་ལྟར་ཐག་བཅད།ལྷ་དཔལ་གྱི་ཕ་མ་གཉིས་ཀ་ནི་ལྟ་སྐྱོང་པ་ཡིན་པའི་ཆ་ནས།གནོད་འཚེ་དེར་འགན་འཁྲི་འཁུར་དགོས་པ་རེད།མཇུག་མཐར།ཁྲིམས་ཁང་གིས་ལྷ་དཔལ་དང་དེའི་ཕ་མ་གཉིས་ཀས་དོན་གྲུབ་ཀྱི་ཁྱིམ་མི་ལ་སྒོར་ཁྲི40དང་སྒྲོལ་མ་སྐྱིད་ལ་སྒོར་ཁྲི10ཡི་སྐྱིན་ཚབ་འཇལ་དགོས་པ་ཐག་བཅད།བཅའ་ཁྲིམས་ཀྱི་ཁུངས་ལུང་།
        འདི་ནི་ནར་མ་སོན་པའི་མིས་དཔང་ཡིག་མིད་པར་རླངས་འཁོར་བསྐོར་ནས་བྱུང་བའི་འགྲིམ་འགྲུལ་ཆག་སྒོ་ཡིན་པས།དམངས་དོན་སྐྱིན་ཚབ་དང་འབྲེལ་བ་ཡོད་པར་མ་ཟད་ཉེས་དོན་ཆད་གཅོད་དང་ལྟ་སྐྱོང་འགན་ཁུར་སོགས་ལའང་འབྲེལ་བ་ཡོད།ལྷ་དཔལ་གྱིས་དཔང་ཡིག་མིད་པར་རླངས་འཁོར་བསྐོར་ཏེ་མི་གཅིག་བསད་པ་དང་མི་གཅིག་ལ་རྨས་སྐྱོན་བཟོས་པས།ཆག་སྒོ་དེའི་འགན་འཁྲི་ཡོངས་རྫོགས་འཁུར་དགོས།དོན་རྐྱེན་དེ་བྱུང་དུས་ལྷ་དཔལ་ལོ18ལ་སོན་མིད་པས།དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པ་དང་།ལྷ་དཔལ་གྱི་ཕ་མ་གཉིས་ནི་ལྟ་སྐྱོང་པ་ཡིན་པའི་ཆ་ནས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས།

  དྲན་སྐུལ།
        ནར་མ་སོན་པའི་མིའི་ངོས་ཟིན་དང་དབྱེ་འབྱེད།ཚོད་འཛིན་ནུས་པ་སོགས་མི་དར་མ་དང་བསྡུར་ན་ལྟོས་བཅས་ཀྱིས་ཞན་པས།ནར་མ་སོན་པའི་མིའི་ཁྱིམ་བདག་གིས་རང་ཁྱིམ་གྱི་རླངས་འཁོར་དང་བྱིས་པར་བདག་སྐྱོང་ལེགས་པོ་བྱས་ཏེ།ལོ18ལ་མ་བུད་པའི་སྔོན་ལ་རླངས་འཁོར་གཏན་ནས་བསྐོར་དུ་འཇུག་མི་རུང་ངོ་།།
        བུ་མོ་ཆུང་ཆུང་རྣམས་ལ་ཆགས་སྤྱོད་གནོད་འཚེ་ཐེབས་པར་གཟབ་དགོས།

        དཔེར་མཚོན་གཉིས་པ།
        ལོ11ཅན་གྱི་བུ་མོ་ཆུང་ཆུང་ལྷ་སྒྲོན་འགྲོ་སའི་སློབ་གྲྭ་ནི་མོའི་སྡོད་གནས་དང་ཐག་མི་རིང་བའི་ཁར།ཕ་མ་གཉིས་ཀྱི་བྱ་བར་བྲེལ་བ་ཆེ་བའི་དབང་གིས་རྒྱུན་དུ་མོ་གཅིག་པུ་སློབ་གྲྭ་དང་ཁྱིམ་ཚང་གི་བར་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད།ཉིན་ཞིག་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་དུ་མི་ཆ་མིད་ཅིག་གིས་མོར་ཉེ་འགྲམ་དུ་སྤྱོད་ཁང་ཡོད་མིད་དྲིས།མོས་སྤྱོད་ཁང་གི་ཁ་ཕྱོགས་བསྟན་རྗེས་འགྲོ་གྲབས་བྱེད་པའི་སྐབས་སུ།མི་དེས་ཡང་བསྐྱར་སྤྱོད་ཁང་འཚོལ་རོགས་བྱེད་དགོས་པའི་རེ་བ་བཏོན།ལྷ་སྒྲོན་གྱིས་འདང་མང་པོ་མ་བརྒྱབ་པར་མི་དེའི་རྗེས་དེད་དེ་སོང་བ་དང་།དབེན་ས་ཞིག་ཏུ་ཐོན་རྗེས་མི་དེས་མྱུར་དུ་ལྷ་སྒྲོན་གྱི་ཁ་བཅད་དེ་ཐོག་ཁང་ཞིག་གི་ནང་དྲུད་པ་དང་།ནང་དུ་ཐོན་མ་ཐག་ལྷ་སྒྲོན་ལ་བཙན་གཡེམ་བྱས་པ་རེད།


        བཅའ་ཁྲིམས་ཀྱི་ཁུངས་ལུང་།

        བཙན་གཡེམ་ཞེས་པ་ནི་བུད་མིད་ཀྱི་འདོད་བློ་དང་འགལ་བའི་སྒོ་ནས་དྲག་ཤུགས་དང་འཇིགས་སྐུལ།ཡང་ན་བྱེད་ཐབས་གཞན་པ་སོགས་སྤྱད་དེ་བཙན་གྱིས་དེ་དང་འཁྲིག་སྤྱོད་ཀྱི་འབྲེལ་བ་བྱུང་བ་ལ་གོ་བ་དང་།ཡང་ན་བསམ་བཞིན་དུ་ལོ14མན་གྱི་བུ་མོ་ཆུང་ཆུང་དང་འཁྲིག་སྤྱོད་ཀྱི་འབྲེལ་བ་བྱུང་བའི་བྱ་སྤྱོད་ལ་གོ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན236པའི་ནང་དུ“དྲག་ཤུགས་དང་འཇིགས་སྐུལ།ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་བུད་མིད་ལ་བཙན་གཡེམ་བྱས་ན།ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཅད་བཙོན་འཇུག་བྱེད་པ་དང་།ལོ14མ་ལོན་པའི་བུ་མོ་ཆུང་ཆུང་ལ་མགོ་སྐོར་བཏང་སྟེ་འཁྲིག་སྤྱོད་ཀྱི་འབྲེལ་བ་བྱུང་ན།བཙན་གཡེམ་བྱེད་པར་བརྩིས་ཏེ།ཆད་པ་ལྗིད་མོ་གཅོད་དགོས་པ”གཏན་འཁེལ་བྱས་ཡོད།


        དྲན་སྐུལ།

        སློབ་ཆུང་སློབ་མས་ངེས་པར་རང་ཉིད་ལ་སྲུང་སྐྱོབ་བྱེད་ཤེས་དགོས་ལ།ནང་སྒོས་སུ་ལམ་བར་དུ་མི་ཆ་མིད་ལ་སྐད་ཆ་མང་པོ་མ་བཤད་ན་བཟང་།གལ་ཏེ་མི་གཞན་གྱིས་ལམ་དྲིས་ན་ལམ་སྟོན་ཆོག་མོད།འོན་ཀྱང་ལམ་ཁྲིད་མི་རུང་།གལ་ཏེ་མི་གཞན་གྱིས་བཀག་པའམ་ཡང་ན་ལམ་ལོག་ཏུ་འདྲུད་པ་སོགས་ཀྱི་གནས་ཚུལ་དང་འཕྲད་སྐབས།གང་ཐུབ་ཀྱིས་མི་མང་པོའི་གནས་སུ་འགྲོ་བའམ་ཡང་ན་སྐད་ཆེན་པོ་བརྒྱབ་སྟེ་སྐྱོབ་རོགས་ཞུ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1