རང་རིགས་སྲོལ་རྒྱུན་ལག་ཤེས་ཀྱིས། མང་ཚོགས་ཕྱུག་པོའི་ལམ་དུ་ཁྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-23



          སྤྱི་ལོ་2010ལོ་སྟེ་ཡུལ་ཤུལ་དུ་ས་ཡོམ་མ་བྱུང་གོང་། ཡུལ་ཤུལ་ཁུལ་དུ་ཐོ་འགོད་བྱས་པའི་ཁེ་ལས་204དང་སྒེར་གཉེར་དུད་ཚང་642ལས་མེད། ལོ་ངོ་བཅུའི་རིང་ཡུལ་ཤུལ་ཁུལ་གྱིས་ཁེ་ལས་2903དང་། སྒེར་གཉེར་བཟོ་ཚོང་དུད་ཚང་12087 ཞིང་པའི་ཆེད་ལས་མཉམ་ལས་ཁང་780གསར་དུ་བཙུགས་ཡོད། ཐོན་ལས་ཀྱི་སྣེ་ཁྲིད་དང་དབུལ་སྒྲོལ་འགག་སྒྲོལ་བྱས་པ་བརྒྱུད་ཡུལ་ཤུལ་གྱི་དབུལ་ཕོངས་ཐོན་ཚད་3%བར་ཆག་པ་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་པས་ཡུལ་ཤུལ་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་སྐྱོད་པའི་རོགས་ཟླར་འགྱུར་བཞིན་ཡོད།
          ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་གྱི་མི་རིགས་གྱོན་ཆས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན་ཏེ་སྲོལ་རྒྱུན་བོད་ལྭས་དེང་རབས་ཀྱི་དར་སྲོལ་གསར་པ་ཟམ་མི་ཆད་པར་བསྡུ་ལེན་བྱས་ཤིང་། ལེགས་བཅོས་བྱས་རྗེས་ཀྱི་བོད་ལྭ་གསར་པར་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

བོད་ལྭ་གྱོན་བཞིན་པའི་གཞོན་ནུ་མ།
          ནོར་བུ་གླིང་རྒྱན་གོས་ཚད་ཡོད་ཀུང་སིས་ལོ་ལྟར་ཡུལ་ཤུལ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱི་དམངས་འཚོའི་འདུ་འགོད་ཀྱི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་ནས། ཡུལ་ཤུལ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་200ལྷག་ཙམ་ལ་དུས་ཡུན་ཉིན་38རིང་བོད་ཀྱི་རྒྱན་གོས་ཇུས་འགོད་དང་འཚེམ་བཟོ་བྱེད་སྟངས་གསོ་སྦྱོང་བྱེད་བཞིན་ཡོད། གཞན་ཡང་། རིན་མེད་སྒོས་ལག་རྩལ་གསོ་སྦྱོང་བྱེད་པ་ཕུད། རྫོང་གཞན་ནས་ཡིན་པའི་གསོ་སྦྱོང་མི་སྣར་ཀུང་སིས་ད་དུང་བཟའ་སྡོད་འགན་ལེན་བྱེད་པ་མ་ཟད། ཕུལ་བྱུང་མི་སྣ་སྔོན་ལ་བསྡུ་བཞིན་ཡོད་པ་རེད།
          ནོར་བུ་གླིང་མི་རིགས་རྒྱན་གོས་ཚད་ཡོད་ཀུང་སིའི་འགོ་འཛིན་དཔལ་ལྡན་རྒྱལ་མཚན་གྱིས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ན། གསོ་སྦྱོང་མི་བྱེད་པ་དང་ལག་རྩལ་མེད་ན་ག་ལ་འགྲིག ཡུལ་མི་ཁག་ཅིག་གིས་ལོ་ལྟར་དབྱར་རྩྭ་དགུན་འབུ་བརྐོ་བ་ལས། གཞན་དུས་ཚོད་མང་ཆེ་བར་ཁྱིམ་དུ་སྡོད་ཀྱི་ཡོད། གལ་སྲིད་དབྱར་རྩྭ་དགུན་འབུའི་རིན་གོང་དམའ་རུ་ཕྱིན་པའམ་ཡང་ན་སླད་ཕྱིན་མེད་པར་འགྱུར་ཚེ་གང་འདྲ་བྱེད་དགོས་སམ། དེར་བརྟེན་ངེས་པར་དུ་ཡུལ་གྲོགས་རྣམས་ལ་རང་སྟོབས་རང་སྤེལ་གྱི་ལག་རྩལ་ཞིག་ཁོང་དུ་ཆུད་དུ་འཇུག་དགོས་ཞེས་གསར་འགོད་པར་ངོ་སྤྲོད་གནང་བྱུང་།
          དཔལ་ལྡན་རྒྱལ་མཚན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ཤུལ་བ་ཞིག་ཡིན་པ་དང་། ཆུང་བྱིས་པའི་དུས་ནས་བཟུང་ཕ་མས་བཟོས་པའི་བོད་ལྭ་དང་། སྐེད་རགས། མགོ་རྒྱན། ཞྭ་མོ་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔལ་ལྡན་རྒྱལ་མཚན་གྱིས། ང་ཚོའི་བོད་ལྭ་ནི་ལུས་ལ་གྱོན་པའི་རིག་གནས་ཤིག་ཡིན་པར་མ་ཟད། རིག་གནས་ཀྱི་རྒྱུན་འཛིན་ཞིག་ཀྱང་རེད་ཅེས་གསུངས།

 དཔལ་ལྡན་རྒྱལ་མཚན།
          ས་ཡོམ་བྱུང་རྗེས། དཔལ་ལྡན་རྒྱལ་མཚན་གྱིས་རང་ཉིད་ནས་ལོ་མང་རིང་བོད་ཀྱི་རྒྱན་གོས་ལས་སྣོན་བྲིན་ཚོང་བྱས་པའི་ཉམས་མྱོང་དང་། ཁམས་པའི་ཕོ་རྒོད་ལ་མངའ་བའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། ནོར་བུ་གླིང་མི་རིགས་རྒྱན་གོས་ཚད་ཡོད་ཀུང་སི་བཙུགས་པ་དང་། དེར་མི་རིགས་ཀྱི་རྒྱན་གོས་ལས་སྣོན་དང་། མི་རིགས་ཀྱི་མཁོ་ཆས་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་ཡོད་ལ། ཐོན་རྫས་ཁག་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན་སོགས་སུ་བཙོང་བཞིན་པ་མ་ཟད། ད་དུང་ནེ་པ་ལར་ཡང་ཕྱིར་ཚོང་བྱེད་བཞིན་ཡོད།
          ད་ཆ། ཀུང་སིར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་4000ལྷག་ཙམ་ཡོད་པའི་མི་རིགས་གྱོན་ཆས་ལས་སྣོན་བཟོ་ཁང་དང་། ལས་བཟོ་བ་གསོ་སྦྱོང་ཁང་དང་། ཐོན་སྐྱེད་ལག་རྩལ་ཇུས་འགོད་ཁང་། ཐོན་རྫས་འགྲེམས་སྟོན་ཁང་བཅས་ཆ་ལག་ཚང་བ་ཡོད་པ་དང་། མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་སྟོབས་ཆེན་50ཡི་ནང་བདམས་ཡོད།
          ཀུང་སི་བཙུགས་རྗེས། ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དབུལ་པོ་300ལྷག་ཙམ་ལས་མིར་བསྡུས་པ་དང་། ལས་མིའི་ལག་རྩལ་དང་བཀོལ་སྤྱོད་ཆུ་ཚད་གང་མགྱོགས་མཐོ་རུ་གཏོང་ཆེད། དཔལ་ལྡན་རྒྱལ་མཚན་ནས་ལས་གཏོད་དུས་འགོའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། ཧུར་ཐག་སྒོས་ཆ་རྐྱེན་བསྐྲུན་པ་དང་ནང་ཁུལ་ནས་ཆེད་ལས་དགེ་རྒན་གདན་དྲངས་ཏེ་རིན་མེད་ངང་ཁོང་ཚོར་རིགས་པའི་གཞུང་ལུགས་འཆད་ཁྲིད་དང་རྩལ་ནུས་གསོ་སྦྱོང་བྱེད་དུ་བཅུག་ཡོད།

ལས་བཟོ་བས་བོད་ལྭའི་ལྟེབ་གཉེར་ལེན་བཞིན་པ།
           ལས་གནས་ཐོག་ལས་ཀ་བྱེད་པ་ཕུད། མང་ཚོགས་ཀྱིས་ད་དུང་མ་བཅོས་རྒྱུ་ཆ་ཁྱིམ་དུ་འཁྱེར་ནས་གྱོན་ཆས་བཟོས་ཆོག་གི་ཡོད།  མིག་སྔར་ནོར་བུ་གླིང་མི་རིགས་རྒྱན་གོས་ཀུང་སིས་མཐའ་འཁོར་ས་ཁུལ་གྱི་ཞིང་འབྲོག་ཐེམ་དུད་1200ལྷག་ཙམ་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་དང་འཕེལ་རིམ་ལ་སྐུལ་ཁྲིད་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཐེམ་དུད་དབུལ་པོ་813ཡོད་པ་དང་། ཐེམ་དུད་དབུལ་པོ་དེ་དག་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད། ཞིང་འབྲོག་ཁུལ་གྱི་མི་སྣ་430ལྷག་ཙམ་བསྡུ་ལེན་བྱས་པའི་ནང་། ཐེམ་དུད་དབུལ་ཕོངས་ཡིན་པའི་བུད་མེད་350དང་། དབང་པོ་སྐྱོན་ཅན་21ཡོད་པ་དང་། ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་ཟིན་གྱི་ཡོད།
དཔལ་ལྡན་རྒྱལ་མཚན་གྱིས་ཐེམ་དུད་དབུལ་ཕོངས་ཀྱི་བུད་མེད་རྣམས་ལ་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།
     ནོར་བུ་གླིང་མི་རིགས་རྒྱན་གོས་ཀུང་སི་ནི་ལོ་བཅུའི་རིང་ཡུལ་ཤུལ་གྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་བསྡུས་རིས་ཙམ་ཞིག་ཡིན་ཞིང་། གཅིག་སྡུད་འགག་སྒྲོལ་བྱས་པ་བརྒྱུད། ཡུལ་ཤུལ་གྱི་མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྤྱི་ལོ་2015ལོའི་སྒོར་2970ནས་སྤྱི་ལོ་2019ལོའི་སྒོར་5200ཡན་བར་འཕར་བ་དང་། དབུལ་ཕོངས་ཐོན་ཚད་སྤྱི་ལོ་2015ལོའི་34%ནས་2019ལོའི་ལོ་མཇུག་གི་3%བར་ཆག་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1