༄༅།།ཟས་རིགས་ལྡད་ཚད་ཀྱི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-24


        ཟས་རིགས་ལྡད་ཚད་ཀྱི་ཐད་ལ་ཆེད་མཁས་པ་དག་གིས་བཤད་པ་ལྟར་ན་ཟས་ཁམ་བུ་གང་གི་ལྡད་ཚད་ཆེས་ཉུང་ཡང་ཐེངས20ལ་ལྡད་དགོས་ལ།ཆེས་བཟང་བའི་ལྡད་ཚད་ནི་ཐེངས30ཙམ་ཡིན་པ་དང་།དེའི་ཕན་ཡོན་ནི་གཤམ་གསལ་ལྟར་རོ།།
  1.དེ་ལྟར་གོང་གི་ལྡད་ཚད་ལྟར་ཟས་རིགས་བསྟེན་ན་ཕོ་བ་དང་རྒྱུ་མ་ཡི་ཟས་འཇུའི་ནུས་པ་ཚུལ་བཞིན་ཐོན་ཐུབ་པ་དང་།དེ་ལྟར་མ་ཡིན་པར་ཧམ་ཟ་བྱས་ཚེ་ཕོ་བའི་ཟས་འཇུའི་ལས་འགན་ཇེ་ལྕི་རུ་སོང་བས་ཟས་རིགས་དུས་ལྟར་མྱགས་བཞུ་བྱ་མི་ཐུབ་པར་མ་ཟད།དུས་ཡུན་རིང་པོ་འགོར་ན་ཕོ་རྒྱུའི་ནད་ཀྱང་སྐྱེད་སྲིད་དོ།།
  2.དེ་ལྟར་གོང་གི་ལྡད་ཚད་ལྟར་ཟས་རིགས་བསྟེན་ན་ཟས་ཚོད་རན་པར་ཟ་བའི་གོམས་གཤིས་ལེགས་པོ་ཆགས་སྲིད་དེ།ལྟོ་བ་འགྲངས་ཡོད་པའི་ཚོར་སྣང་གི་བརྡ་རྟགས་དེ་ཟོས་རྗེས་སུ་སྐར་མ་བཅོ་ལྔ་ནས་ཉི་ཤུ་འགོར་རྗེས་ད་གཟོད་ཀླད་པས་ཚོར་སྲིད་པས།ཟས་ཀྱི་ལྡད་ཚད་ཇེ་མང་དུ་བཏང་ཚེ་ཟས་ཟ་ཡུན་གྱི་དུས་ཚོད་ཇེ་རིང་དུ་གཏོང་ཐུབ་པར་མ་ཟད།ལྟོ་བ་འགྲངས་པའི་སྣང་ཚོར་དེ་ཡང་འབྱུང་སླ་བས་སོ།།
  3.དེ་ལྟར་གོང་གི་ལྡད་ཚད་ལྟར་ཟས་རིགས་བསྟེན་ན་ཟས་ཚོད་རན་པར་ཟ་བའི་ནུས་པ་ཐོན་པ་དང་མཉམ་དུ་ལུས་ཀྱི་ལྗིད་ཚད་ཀྱང་ཚོད་འཛིན་བྱ་ཐུབ་པས་ཚོ་ཆེ་བའི་ནད་སོགས་འབྱུང་མི་སྲིད་དོ།།
  4.ཟས་ཀྱི་ལྡད་ཚད་ཇེ་མང་དུ་བཏང་ན་ཟས་ཀྱི་མྱགས་བཞུ་དྭངས་སྙིགས་ལེགས་པར་འབྱེད་ཐུབ་པར་མ་ཟད།ཟས་ཀྱི་དྭངས་མ་སྡུད་ལེན་བྱེད་པའི་ནུས་པའང་ཐོན་ཐུབ་བོ།།
  5.དེ་ལྟར་གོང་གི་ལྡད་ཚད་ལྟར་ཟས་རིགས་བསྟེན་ན་མྱགས་བཞུ་དྭངས་སྙིགས་ཚུལ་བཞིན་འབྱེད་ཐུབ་པས་མ་ཞུ་བའི་ནད་མི་འབྱུང་ལ།དེ་བས་ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བ་ཡིན་པ་ལྟར་ཁོང་ནད་ཀུན་གྱི་སྔོན་འགོག་ལའང་མི་དམན་པའི་ཕན་ཐོགས་འབྱུང་བ་ཡིན་ནོ།།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་གཟའ་མཇུག་ལ་ངལ་གསོ་་མི་བྱེད་པས།རྒྱ་ཆེའི་ནད་པ་རྣམས་སྨན་པར་བསྟེན་དུ་ཕེབས་རོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1