༄༅།།ཁྲི་ཀའི་ལྷ་དཀར་པོ་བྱམས་པ་རང་སྐྱེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-24


        ལྷ་དཀར་པོ་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་ཕྱོགས་རྨ་ཆུའི་འགྲམ་རྒྱུད་དུ་ཡོད་ཅིང་།དུས་ནམ་ཞིག་ལ་བཞེངས་པའི་ལོ་ཚིགས་གསལ་པོ་ཞིག་མིད་ཀྱང་།《མདོ་སྨད་ཆོས་འབྱུང》ལས།རྨ་ཆུ་བརྒྱུད་ནས་རེ་ཞིག་ལྷ་དཀར་པོ་བྱ་བ་ཡོད་ལ།འདིར་ཕ་བོང་དཀར་པོ་ཞིག་ཡོད་པར་དགེ་སློང་ཆོས་གོས་རྣམ་གསུམ་གྱོོན་པ་ཞིག་ཐིམ་པ་ཕྱུགས་རྫི་འགས་མཐོང་ཟེར་བ་དང་།རྗེ་སྐལ་ལྡན་གྱིས་ཕ་བོང་ལ་བྱམས་སྐུ་རང་བྱོན་ཡོད་པར་གསུངས།དེ་ནང་བཞུགས་ཀྱི་བྱམས་སྐུ་ལྷ་ཁང་བཅས་བཞེངས།འདི་ལ་ལྷ་རང་སྐྱེས་ཡང་ཟེར།

        གནས་འདིར་ལྷ་ཁང་ཆེ་ཆུང་གཉིས་ཡོད་ཅིང་ནང་གི་རྟེན་དུ་ཕ་བོང་དཀར་པོ་ཞིག་ལ་དགེ་སློང་ཆོས་གོས་གྱོོན་པ་ཞིག་ཐིམ་པ་དང་།སྟེང་དུ་འབྲུ་གསུམ་རང་བྱོན་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་སྐུ་བྱོན་ལེགས་དང་།ལྷ་ཁང་ཆུང་བའི་ནང་དུ་བྱམས་པ་ཆུ་གཟིགས་མར་གྲགས་པ་ཞལ་རྨ་ཆུའི་ཁུགས་པར་གཏད་པ་བཅས་བཞུགས།དེ་ནས་རབ་བྱུང་བཅུ་བཞི་པ་སྤྱི་ལོ1807ནས1851ལོའི་ནང་མི་སྐྱོན་བྱུང་བར་ཪྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོ་དང་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད།དེ་དུས་སུ་ཕ་བོང་སྟེང་གི་འབྲུ་གསུམ་རང་བྱོན་ཀུན་གྱིས་མཐོང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས།ལྷ་ཁང་ཆུང་བར་ཡང་ཪྙིང་སྐྱོན་ཡོད་པ་རྗེ་གསེར་ཁང་པས་ཞིག་གསོ་བྱས་ཏེ་ཪྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རབ་གནས་གནང་བའི་ལོ་རྒྱུས་ཀྱང་ཡོད།ལྷ་ཁང་དུ་བྱམས་པ་གཉིས་དང་འཇིགས་བྱེད་ལྷ་བཅུ་གསུམ་མ།མགོན་ཆོས་ལྷ་གསུམ།རྗེ་བླ་མ་དང་།རྗེ་གསེར་ཁང་པའི་སྐུ་བཪྙན།གནས་བརྟན་བཅུ་དྲུག་སོགས་ཡོད།ང་བརྒྱད་དང་རིག་གསར་གྱི་ཡ་ང་བའི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར།དེང་སྐབས་ཆོས་དད་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན་ནས།བྱམས་ཁང་དང་བྱིན་ཅན་ཕ་བོང་ནང་བཞུགས་ཀྱི་བྱམས་པ་ཁྲུ་ཉེར་ལྔ་ཅན་སྔོན་གྱི་ཇི་ལྟ་བ་དང་།རྗེ་བླ་མ་དང་གསེར་ཁང་པའི་སྐུ་འདྲ་མི་ཚད་ཙམ།བྱམས་ཁང་ཆུང་བའི་བྱམས་པ་ཆུ་གཟིགས་མ་དང་།བྱམས་ཁང་ཆེན་མོའི་མཐའ་སྐོར་དུ་མ་ཎི་འཁོར་ལོ་སྔོན་ཆད་ལས་ལྷག་པ།བྱམས་ཁང་གི་ཉེ་འགྲམ་དུ་རྗེ་གསེར་ཁང་པའི་གཟིམ་ཁངསོགས་ཉམས་གསོ་བྱུང་ཡོད།ཁྲི་ཀའི་ཡུལ་གྱི་སྟོན་བཤད་ལས།གཡའ་བྲག་ལྷུན་པོའི་སྣ་ཀ་ན།།ཐུགས་རྗེ་ཆེན་པོ་རང་སྐྱེས་དང་།ལྷ་དཀར་པོ་བྱམས་པ་ཆུ་གཟིགས་བཞུགས།།ཞེས་ཡུལ་གྱི་བཀོད་པ་གསལ་པོར་བརྗོད་ཡོད།
  《ལྷ་དཀར་པོ་ལྷ་ཁང་གི་སྒོ་ཆེན་ནང་རོལ་གྱི་ལྡེབས་རིས་སྟེང་བཀོད་པའི་ངོ་སྤྲོད་ལྟར》བསྒྲིགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1