མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ནང་རྒྱལ་ཁབ་ཚང་མར་རིམས་འགོག་སྨན་བཅོས་དངོས་ཟོག་དང་སྒྲིག་ཆས་རག་པའི་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-26


 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཚེས་20ཉིན་རྒྱལ་སྤྱི་མཉམ་ལས་བྱེད་རྒྱུའི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བ་དེའི་དམིགས་ཡུལ་ནི། རྒྱལ་ཁབ་ཚང་མར་ཏོག་དབྱིབས་ནད་དུག་གསར་པར་ཁ་གཏད་གཅོག་པའི་སྨན་རྫས་དང་། རིམས་འགོག་སྨན་ཁབ། སྨན་བཅོས་སྒྲིག་ཆས་བཅས་རག་པའི་འགན་ལེན་བྱེད་པ་དེ་རེད།
     གྲོས་ཆོད་ནང་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཁྱབ་མཆེད་འགྲོ་བ་ལས་མིའི་རིགས་ཀྱི་བདེ་ཐང་དང་། བདེ་འཇགས། བདེ་རྩ་བཅས་ལ་འཇིགས་སྐུལ་ཕོག་པ་མ་ཟད། ད་དུང་སྤྱི་ཚོགས་དང་། དཔལ་འབྱོར། གོ་ལ་ཧྲིལ་པོའི་ཚོང་དོན། འགྲུལ་བཞུད་བཅས་ལ་འགོག་རྐྱེན་ཆེན་པོ་བཟོས་པ་དང་དེ་བཞིན་དམངས་འཚོའི་ཐད་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ཕོག་པ་སོགས་ཕྱོགས་མང་པོའི་ཐད་སྔོན་ཆད་འབྱུང་མྱོང་མེད་པའི་ཤུགས་རྐྱེན་ཐེབས་ཡོད།
     གྲོས་ཆོད་ནང་བསྟན་དོན། དྲང་སྙོམས་ངང་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་རྫས་རག་པར་བྱེད་པ་ནི་གོ་ལ་ཧྲིལ་པོའི་སྔོན་ཐོབ་དོན་ཚན་ཞིག་རེད། སྤུས་ཀ་འགན་ལེན་ཐུབ་པའི་སྨན་བཅོས་འཕྲོད་བསྟེན་ཐོན་རྫས་ཀྱི་རག་ཆོག་པའི་རང་བཞིན་དང་། དང་ལེན་བྱ་ཆོག་པའི་རང་བཞིན། འགན་འཁུར་ཆོག་པའི་རང་བཞིན་བཅས་ནི་མིག་སྔའི་རིམས་འགོག་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་པར་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད།
     གྲོས་ཆོད་ནང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱོགས་མང་མཉམ་ལས་ཀྱི་རྨང་གཞིའི་ཐོག་གོ་ལ་ཧྲིལ་པོའི་ཁ་གཏད་གཅོག་ཐབས་ཤིག་བཏོན་པ་དང་ཆབས་ཅིག གོ་ལ་ཧྲིལ་པོས་ཏོག་དབྱིབས་ནད་དུག་གསར་པ་ཚོད་འཛིན་བྱེད་པའི་ཐབས་ཇུས་ཁག་མཐུན་སྦྱོར་བྱེད་པའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་ནན་བཤད་བྱས་པ་མ་ཟད། ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏོན་པའི་འགག་རྩའི་ནུས་པ་ཁས་ལེན་ཡང་བྱས་ཡོད་པ་རེད།
     གྲོས་ཆོད་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་འབྲེལ་ཡོད་སྒྲིག་གཞི་གཞན་དག་གིས་མཉམ་ལས་དམ་ཟབ་བྱས་ནས། སྔོན་འགོག་ཡོ་ཆས་དང་། དགོས་ངེས་ཀྱི་སྨན་བཅོས་མཁོ་ཆས། བརྟག་དཔྱད་བྱེད་ཐབས་གསར་པ། སྨན་རྫས། འབྱུང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་སོགས་བགོ་བཤའ་ལུགས་མཐུན་དང་། ཁ་གསལ། དྲང་གཞག ནུས་ཆེ། དུས་ཐོག་བཅས་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ། དེ་དག་དགོས་མཁོ་ཡོད་པའི་མི་ཚང་མར་རག་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     གཞན་ཡང་། གྲོས་ཆོད་ནང་། ཁོངས་མིའི་རྒྱལ་ཁབ་ཁག་དང་ཁེ་ཕན་འབྲེལ་བའི་ཕྱོགས་ཚང་མས་མཉམ་ལས་བྱས་ནས། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། གྲངས་འཛིན་གྱི་ལག་རྩལ་ལ་བརྟེན་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དགོས་ངེས་ཀྱི་རྒྱལ་སྤྱིའི་ཚན་རིག་མཉམ་ལས་ལ་ལྕག་སྐུལ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1