གཙོ་ངོས།>> དམངས་སྲོལ།>>གཉེན་སྟོན།

རྡོ་རྗེ་མཚོ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་དམངས་སྲོལ་རིག་གནས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༦ཉིན།

༄༅།།མདོ་སྨད་གཅན་ཚའི་གཉེན་འཛིན་སྐབས་ཀྱི“རྒྱུ་རིན”སྐོར་གླེང་བ།


རྡོ་རྗེ་མཚོ་མོ།
[ནང་དོན་གནད་བསྡུས]རྩོམ་འདིར་མདོ་སྨད་གཅན་ཚའི་ཡུལ་དུ་བུ་མོ་གནས་ལ་འགྲོ་དུས་རྒྱུ་རིན་ལེན་སྟངས་ཀྱི་སྲོལ་ཇི་འདྲ་ཡིན་ཚུལ་དང་། རྒྱུ་རིན་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་བཞིན་ཡོད་པ། རྒྱུ་རིན་གྱི་ངོ་བོ་དེ་ཉེ་བའི་ལོ་འགའི་རིང་རྣམ་པ་གཞན་ཞིག་ཏུ་གྱུར་ཏེ། མདོ་སྨད་གཅན་ཚའི་ཕྱོགས་སུ་རྒྱུ་རིན་ཇེ་མཐོར་འགྲོ་བའི་སྣང་ཚུལ་ཚབས་ཆེན་ཡིན་ཚུལ་ཐད་དབྱེ་ཞིབ་བྱས་ཤིང་། རྣམ་པ་དེས་སྔར་ཡོད་ཀྱི་གཉེན་འཛིན་ལམ་སྲོལ་ལ་འགྱུར་ལྡོག་གང་འདྲ་ཐེབས་བཞིན་པའི་སྐོར་ལ་བསམ་གཞིགས་བྱས་འདུག
[བརྡ་ཆད་གཙོ་བོ] གཅན་ཚ།  གཉེན་སྒྲིག  རྒྱུ་རིན།  
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས]B945[ཡིག་ཚང་མཚོན་བྱང་]A[རྩོམ་གྱི་གོ་རིམ་སྒྲིག་ཨང་]2096-08839(2020)01 0089-06
          དང་པོ།  གཅན་ཚའི་རྒྱུ་རིན་ནམ་ཨ་མའི་ནུ་རིན་ལེན་པའི་གོམས་སྲོལ་ངོ་སྤྲོད་བསྡུས་པ།
          རང་རིགས་ཡང་མི་རིགས་གཞན་དང་མཚུངས་པར་གཉེན་གྱི་རིག་གནས་ཕུན་སུམ་ཚོགས་པར་མ་ཟད། སྤྱི་ཚོགས་གསར་བའི་འཕོ་འགྱུར་ཁྲོད་བཙན་དབང་གི་གཉེན་སྒྲིག་ལས་ཡོངས་སུ་ཐར་ཏེ་རང་དབང་རང་འཐད་ཀྱི་གཉེན་འཛིན་པའི་གོ་རིམ་ལས། བུ་མག་པར་སློང་བའམ་བུ་མོ་མནའ་མར་སྟེར་བའི་གོ་རིམ་ནང་རྒྱུ་རིན་ནི་ཐོག་མའི་འགྲོ་རིམ་གལ་ཆེན་ཞིག་ཡིན་པ་ཚང་མར་གསལ་ཆ་ཡོད་པ་ལྟར་ལགས་ན། རྒྱུ་རིན་གྱི་མགོ་མཇུག་ལ་མ་ཞང་། ཨ་ཞང་། རྒྱུ་རིན་བཅས་ཡོད་པ་ལས“རྒྱུ་རིན”ནི་འཇིག་རྟེན་ཁ་དཔེར“རྒྱུ་བྱིན་པའི་ཆུང་མ། རིན་བྱིན་པའི་ནོམ་པ།” ཟེར་བ་བཞིན་ས་ཆ་ལ་ལར“ཨ་མའི་ནུ་རིན་ནམ་ཁ་བཏགས”ཞེས་འབོད་སྲོལ་ཡོད་དེ་རྩོམ་ཡིག་འདིར“རྒྱུ་རིན”ཞེས་བཀོལ་རྒྱུ་ཡིན་པས་དོན་ལ“ཨ་མའི་ནུ་རིན་ནམ་ཁ་བཏགས”ཡིན། སྤྱིར་བཏང་མི་ལུས་རིན་པོ་ཆེའི་གོང་ཐང་ནི་རིན་པ་སྤྲད་པ་ཙམ་གྱིས་བླུས་ཐུབ་པ་ཞིག་མིན་ཀྱང་། ཨ་ཞང་ཚང་གིས་སྔ་དྲོ་བྲང་གི་ནུ་མོས་གསོས་ཤིང་ཕྱི་དྲོ་དཔྲལ་བའི་མིག་གིས་འཚོས་པའི་བུ་མོ(བུ)འདིས་ནུ་རིན་གྱི་དོད་དུ་བྱིན་པར་མངོན་པ་ལས། བུ་མོའི(བུ)གོང་ཐང་ནི་ང་ཚོས་མཐོང་ཆོས་སུ་གྱུར་བའི་དངོས་པོ(སྒོར་མོ)ཞིག་གིས་ཚད་གཞལ་ཐུབ་པ་ནི་མ་ཡིན་ནོ། །
          བར་བ།
          གཅན་ཚའི་རོང་ཕྱོགས་ཕལ་མོ་ཆེར་ཡང་བོད་རིགས་ས་ཁུལ་གཞན་དག་དང་འདྲ་བར་གཉེན་སྒྲིག་མཁན་ཕོ་མོས་ཕན་ཚུན་མཛའ་གཅུགས་ཀྱི་བརྩེ་སེམས་དང་ཆོས་ལུགས་ཀྱི་ཆོ་ག་སྟེ། ལོ་རིས་སྤར་ཁ། གཟའ་སྐར་འཕྲོད་སྦྱོར། གཉེན་བྱས་ན་མཁྲེགས་ས་འཕྲོད་ས། ལོ་བཏབ་ན་སྐྱེས་ས་འཁྲུངས་ས་ཡིན་པ་བཅས་ཀྱི་རྨང་གཞིའི་སྟེང་གཉེན་འཛིན་མཁན་བར་བ་ཁ་བདེ་ལྕེ་བདེ་ཅན་ཞིག་གཉེན་ཚང་དང་ཨ་ཞང་ཚང་གཉིས་བར་གྱི་བར་བ་བྱས་ནས་གཉེན་སློང་བར་འགྲོ་བ་ཡིན། གཉེན་འཛིན་མཁན་བར་བས་ཡང་ཡ་བཞག་ཐོད་པས་ཕྱེས་ཏེ། མ་བཞག་རྡོག་པས་མནན། སྒོ་ཁར་བུད་དེ་གོ་ཁར་ཙོག་ནས། སྲིད་པ་བོད་ཀྱི་ གཏམ་དང་གཏམ་དཔེར་བཅིབས་ཏེ་ཆང་ཕང་ཁ་བཏགས་སློང་རྟགས་སུ་བཞག་སྟེ་གཉེན་གྱི་འགོ་ཡོངས་སུ་བརྩམས་པ་ཡིན།
          རྒྱུ་རིན་ནམ་ནུ་རིན།  
          གོང་ནས་བསྟན་པ་བཞིན་རྒྱུ་རིན་ནམ་ཨ་མའི་ནུ་རིན། ཡང་ན་ཁ་བཏགས་ནི་བུ་མོའི(བུ)གོང་ཐང་ཐག་གཅོད་བྱེད་ཙམ་ཁོ་ནར་ངེས་འཛིན་བྱེད་མི་རུང་བར་རིག་གནས་གོམས་གཤིས་འདིའི་ཕུགས་སུ། བོད་རིགས་ནི་གནའ་བོའི་བསྟན་བཅོས་སུ་བརྗོད་པའི་རྒྱུ་འབྲས་མན་ངག་བདུན་དང་ལྡན་པའི་མི་རིགས་ཤིག་ཡིན་པ་རྟོགས་འོས། དེ་ལའང་གནའ་དུས་ཨ་ཞང་ཚང་གིས་བུ་མོའི(བུ)རྗེས་སུ་སྒོ་ཟོག་དང་ཞིང་ས་སོགས་རྫོངས་སྐྱེས་སྟེར་ཚུལ་ཡོད་མོད། དུས་ཀྱི་འཕེལ་རྒྱས་དང་བསྡོངས་ནས་སྤྱི་ཚོགས་རྙིང་བའི་ལྷག་ལུས་ལ་འགྱུར་བ་ཆེན་པོ་བྱུང་ནས་གཉེན་ཚང་གིས་ཨ་ཞང་ཚང་ལ་སྒོར་མོ་སྟེར་བའི་སྲོལ་དར་བ་ཡིན། དེ་ལ་ཡང་ཉིས་སྟོང་གསུམ་ལོ་ནས་ད་ལྟའི་བར་གཅན་ཚ་ས་ཆ་ཡིས་བག་མའི་རྒྱུ་རིན་དང་གོན་པ། འདོགས་ཆ་བཅས་ལ་འགྱུར་ལྡོག་བྱུང་ཡོད་པ་ཡུལ་མི་ཚོས་བཤད་པ་དང་བརྟག་དཔྱད་འབྲས་བུ་རེའུ་མིག་དུ་བཀོད་དེ་དབྱེ་ཞིབ་བྱས་པ་གཤམ་གྱི་དཔེ་རིས་དང་པོ་དང་གཉིས་པ་ལས་མངོན་པ་ལྟར།

དཔེ་རིས་དང་པོ།
དཔེ་རིས་གཉིས་པ།
          མ་ཞང་། 
          མ་ཞང་ནི་བུ་མོའི་(བུ)ཨ་མའི་ཕྱོགས་ཀྱི་ཕུ་བོའམ་ནུ་བོ་ལ་གོ  གཅན་ཚའི་གཉེན་འཛིན་ལས་མ་ཞང་ནི་ཨ་ཞང་གཞན་དག་ལས་དམིགས་བསལ་གྱི་དབང་ཆ་ཡོད་པ་དང་རྒྱུ་རིན་ནམ་ཨ་མའི་ནུ་རིན་ལས་ལོགས་སུ་གྱུར་བའི་དཀར་ཡོལ་འབྲུ་བརྒྱ་མ། དཀར་ཡོལ་འཁོར་ལོ་མ། གནའ་དཀར་སོགས་སྔོན་ཆད་ཀྱི་དཀར་ཡོལ་རྙིང་བ་དེང་སྐབས་ལག་ཏུ་ཡོང་དཀའ་བའི་རིགས་ལས་མ་ཞང་གི་དབང་ཆ་མཐོ་བ་ཤེས་ཐུབ། རིམ་བཞིན་སྣང་ཚུལ་འདིའི་རིགས་ལེགས་བཅོས་དང་སྟབས་བདེར་བསྒྱུར་ནས་དེའི་ཚབ་ལ་ད་ལྟ་སྒོར་མོ་ལེན་སྲོལ་གཙོ་རྒྱུགས་སུ་གྱུར་འདུག མ་ཕྱོགས་ཀྱི་ཕུ་ནུ་ཨ་ཞང་གི་ཁྲོད་དམིགས་བསལ་ཡིན་པའི་རྒྱུ་མཚན་མིའི་རིགས་རིག་པའི་ངོས་ཐད་ནས་དཔྱད་པ་བཏང་ན་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ། མིའི་རིགས་ཀྱིས་གཉེན་འཛིན་གྱི་སྣང་ཚུལ་ནི་བཟའ་མང་ཤེ་སྦྱོར་གྱི་ལུགས(群婚制)བྱས་ནས་གྲུབ་པ་ཡིན་པས་གཏན་ཁེལ་གྱི་ཁྱོ་གཅིག་ཤུག་གཅིག(一妻一夫)གྲུབ་ཐུབ་མེད། རིམ་བཞིན་ལོ་རྒྱུས་སྟེང་གི་མ་ཕྱོགས་ལས་ཕ་ཕྱོགས་ངོ་མི་ཤེས་པའི་སྣང་ཚུལ་བྱུང་བ་ཡིན་ཞིང་། བཙས་པའི་བྱིས་པ་ནི་མ་ཕྱོགས་ཀྱི་ཕུ་བོ་དང་ནུ་བོས་བདག་སྐྱོང་བྱེད་དགོས་པ་ཡིན་པས་ད་ལྟའི་མ་ཞང་གཙོར་ཆེར་གྱུར་བ་ཡང་འདིའི་ལྷག་ལུས་སུ་མཐོང་།

དཀར་ཡོལ་འཁོར་ལོ་མ།
དཀར་ཡོལ་འབྲུ་བརྒྱ་མ།
          གཉིས་པ། གཅན་ཚའི“རྒྱུ་རིན”གྱི་བསྐྱེད་པའི་ཤུགས་རྐྱེན་དང་འགྱུར་ལྡོག
          མདོ་སྨད་གཅན་ཚ་ས་ཆའི་ཕྱོགས་ཀྱི་རྒྱུ་རིན་གྱི་ངོ་བོ་དང་རྒྱུ་རིན་ལེན་སྟངས་ཀྱི་འགྱུར་ལྡོག་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།  (རྒྱུ་རིན་ལེན་པའི་ཕྱོགས་ནས་འདི་འདྲའི་རྩེད་མཚར་ཞིག་ཡོད་དེ། ས་ཆ་ཆེ་གེ་མོའི་བུ་མོ་ཞིག་ཐེངས་གསུམ་བཞིར་གནས་ལ་སོང་ཡང་མཇུག་མཐར་རེ་རེ་བཞིན་གཉེན་འཐོར་བྱས། ཁོང་ཚང་གི་ཁྱིམ་མིས་ཀྱང་དེ་དག་རེ་རེའི་ལག་ནས་རྒྱུ་རིན་བླངས་པ་མ་ཟད་ཚང་མ་ཁྱིམ་ཚང་གི་བུ་ལོན་གྱི་དོད་ལ་བྱིན། མཐར་བུ་མོར་རྒྱུ་རིན་སྒོར་ཁྲི་བཞི་བླངས་ནས་ཁྱིམ་ཚང་གཞན་ཞིག་ཏུ་གནས་ལ་བརྫངས། རྒྱུ་རིན་ལག་ལ་འབྱོར་མ་ཐག་བུ་མོས་ཨ་ཕས་ཞ་ལི་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ནས་ཐོན་བྱུང་བས། སྡེ་བའི་མི་ཚང་མས་ཁོ་མོར་བུ་མོ་ཞ་ལི་ཞེས་པའི་མཚང་མིང་ཞིག་བཏགས་སོ། །  )རྒྱུ་རིན་གོང་འཕར་འགྲོ་བའི་སྣང་ཚུལ་འདི་ད་ལྟའི་གཅན་ཚ་ས་ཁུལ་གཙོ་བྱས་པའི་རོང་ཕྱོགས་མང་པོར་རྒྱ་ཁྱབ་ཏུ་དར་ནས་འགྲོ་བཞིན་ཡོད་པའི་གནས་ཚུལ་ཞིག་ཡིན་པས་ངེས་པར་ཆོས་ཉིད་དང་མཉམ་པའི་རྣམ་པ་ཞིག་ལ་འགྲོ་དགོས་པ་ནི་སྣང་ཆུང་བྱེད་མི་རུང་བར་འདོད། འདི་ལྟ་བུའི་དམངས་སྲོལ་རིག་གནས་ཀྱི་སྲོལ་ལུགས་མང་པོ་ཞིག་ད་ལྟའི་དཔལ་འབྱོར་གྱི་གནོན་ཤུགས་འོག་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པ་གཉེན་སྟོན། གྱ་སྟོན། ཁང་སྟོན་སོགས་ཀྱི་མཚོན་པ་མང་ཡང་རེ་ཞིག་དཔེར་མཚོན་ཙམ་གྱིས་འཐུས་པར་བྱ།
          གཅིག   དཔལ་འབྱོར་གྱི་སྐོར་ནས་ད་ལྟའི་རྒྱུ་རིན་མཐོན་པོ་ལེན་པའི་སྣང་ཚུལ་འདི་ནི་རང་གཞན་གཉིས་ཀར་སྔོན་ལས་ཐེགས་དཀའ་བའི་གནས་སུ་སྐྱེལ་བ་དང་འདྲ་སྟེ། མདོ་སྨད་གཅན་ཚའི་རོང་ཕྱོགས་སྤྱི་ལ་མཚོན་ན་ཁྱིམ་ཚང་གི་ཡོང་སྒོ་གཙོ་བོ་ཞིང་ལས་དང་ཞོར་ལས་ཡིན་ཞིང་། ཉེ་བའི་ལོ་འདི་འགའི་རིང་གྲོང་ཁྱེར་གྱི་ལས་ཀ་ཤོར་མཁན་ཇེ་མང་སོང་བ་དང་བསྟུན་གྲོང་ཁྱེར་གྱི་ཞོར་ལས་བྱེད་དགོས་ན་སློབ་མཇུག་སྒྲིལ་བའི་དཔང་ཡིག་(结业证书)དང་རིག་གནས་ཅུང་ཙམ་མེད་ཚེ་ལག་ཏུ་ཡོང་དཀའ་བོར་གྱུར་ཡོད། དེ་བས་ལོ་གཅིག་གི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ནི་ད་གཟོད་རོང་བས་ཡོང་སྒོ་འཚོལ་བའི་གོ་སྐབས་ལེགས་ཤོས་ཤིག་ཡིན།  ཁྱིམ་ཚང་སྤྱིའི་དགོས་མཁོ་དང་བུ་བུ་མོའི་ལོ་ཚོད་ཀྱི་དབང་གིས་མནའ་མ(མག་པ)ཞིག་ལེན་དགོས་ན་གོང་གསལ་གྱི་རེའུ་མིག་ལས་མངོན་པའི་སྒོར་མོའི་དཀའ་ཁག་ཐག་གཅོད་བྱེད་དགོས་ཚེ། ངེས་པར་ཁྱིམ་ཚང་བཞི་དང་ལྔས་ཡོང་སྒོ་ཕྱོགས་གཅིག་ལ་བསྡུ་ན་མ་གཏོགས་ཁྱིམ་ཚང་རང་གཅིག་པུས་སེལ་ཐུབ་པ་ཞིག་མིན། གཏན་འཇགས་ཀྱི་ཡོང་འབབ་དང་ཞོར་ལས་ཀྱི་ལག་རྩལ་ཡོད་མཁན་ཞིག་མིན་ཚེ་བསྐྱིས་དངུལ་སྟེར་རྒྱུ་དེའང་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། འདི་ལྟར་བྱས་ན་ཁྱིམ་ཚང་མང་པོས་དཔལ་འབྱོར་དང་འཚོ་ཚིས་ཀྱི་འཁོར་རྒྱུག་འགག་འགྲོ་ལ་བོད་རིགས་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བའི་ནུས་པ་ཡང་རྨང་ནས་ཉམས་སྲིད་པར་སེམས།
          གཉིས། དམངས་སྲོལ་རིག་གནས་ཀྱི་སྐོར་ནས་བོད་ཀྱི་གཉེན་འཛིན་པའི་མགོ་མཇུག་གི་རིག་གནས་ནི“དེ་རིང་བཀྲ་ཤིས་པའི་ཉི་མ། དོན་འགྲུབ་གི་ཉི་མ། བཀྲ་ཤིས་རྟགས་བརྒྱད་ལ་རྟགས་ཚང་གི་ཉི་མ། ནོར་བུ་ཆ་བདུན་ལ་ཆ་འགྲིག་གི་ཉི་མ། མཛོ་ཁྱུང་དཀར་གཉིས་ལ་དོར་སྡེབ་གི་ཉི་མ། བུ་བུ་མོ་གཉིས་ཀ་གཉེན་འཛིན་པའི་ཉི་མ་འདིར། གནམ་ལ་བཀྲ་ཤིས་ཉི་ཟླ་སྐར་གསུམ་འཛོམས་ཀི། ས་ལ་བཀྲ་ཤིས་པདྨ་འདབ་བརྒྱད་ཡག་གི །    བར་ན་བཀྲ་ཤིས་དཀོན་མཆོག་གསུམ་གྱིས་བསྐོར་གི།” ཅེས་གཉེན་འཛིན་པ་དེ་སྤྱིར་བཏང་གི་ཉི་མ་དང་ཡེ་ནས་མི་འདྲ་བར་བཀྲ་ཤིས་རྟགས་བརྒྱད་དང་ནོར་བུ་ཆ་བདུན། མཛོ་ལ་དོར་སྡེབ་གི་ཉི་མ། གཞན་ཡང་། གནམ་གྱི་སྐར་མ་དང་ས་ཡི་པདྨ། དཀོན་མཆོག་གསུམ་སོགས་བོད་ཀྱི་དམ་པའི་ལྷ་ཆོས་རྟེན་འབྲེལ་ལ་བརྟག་ནས་འཇིག་རྟེན་མི་ཆོས་ཀྱི་དཔུང་དང་གཉེན་གྱི་གྲོགས་སུ་གྱུར་བའི་སྐྱབས་བསླུ་མེད་དཀོན་མཆོག་གསུམ། མཛོ་ཁྱུང་དཀར་ལ་དོར་སྡེབ་པ་བཅས་ཐོང་ཀ་འབྱེད་པའི་རྟེན་འབྲེལ་ཡོངས་སུ་ཚང་བའི་རྨང་གཞིའི་འོག་གཉེན་གྱི་བྱ་བ་མཐའ་དག་སྤེལ་སྲོལ་ཡོད་པ་ལས་རྒྱུ་རིན་ལེན་པའི་དགོས་པ་ཆེད་དམིགས་ཀྱིས་རང་རིགས་ཀྱི་དམངས་སྲོལ་རིག་གནས་ལ་དོ་སྣང་མེད་ན་ནི་རིག་གནས་ཀྱི་རིན་ཐང་མ་གོ་བར་འཁྲུལ་བ་ཡིན་པར་རྟོགས། 
          གསུམ། རིན་ཐང་གི་ལྟ་བའི་སྐོར་ནས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཅན་གྱིས་རྣམ་དཀར་ཆོས་འདི་ཉིད་བོད་གངས་ཅན་གྱི་ཡུལ་དུ་དར་བ་ནས་བཟུང་། བོད་མིའི་རིན་ཐང་གི་ལྟ་ཚུལ་མང་པོར་རིམ་གྱིས་ངོས་འཛིན་གསར་བ་བྱུང་ནས་དམུ་རྒོད་ཀྱི་ལས་ལས་ཡོངས་སུ་ཐར་ཏེ་སྤྱོད་པ་རྩང་བོ་ཅན་ནམ་རང་གཤིས་ལྷུན་པོ། བྱམས་དང་སྙིང་རྗེའི་མགོན་གྱུར་བའི་མི་རིགས་ཤིག་ཏུ་གྱུར་ཡོད། དེ་ལ་སྐུ་ཞབས་དོན་གྲུབ་དབང་འབུམ་གྱིས་“བོད་ཀྱི་རིག་གནས་ལས་ཕྱིར་མངོན་པའི་བཟོད་སྒོམ་རིང་ལུགས་དང་། མི་གཤིས་རིང་ལུགས། གཞན་ཕན་རིང་ལུགས། བྱ་བྲལ་རིང་ལུགས། རྒྱལ་གཅེས་རིང་ལུགས་བཅས་ཀྱི་རིག་གནས་སྙིང་སྟོབས་ཐམས་ཅད་ཆོས་ལུགས་དང་འབྲེལ་བ་ཡོད།” (1)ཅེས་པའི་བརྗོད་པ་ལ་དཔྱད་ན་ཤིན་ཏུ་གསལ་བོ་རེད། དེ་དང་མཚུངས་པར“རྒྱུ་རིན་ནམ་ཨ་མའི་ནུ་རིན”ལེན་སྟངས་ནི་བོད་མིའི་ཆོས་ལུགས་ཀྱི་གཞན་ཕན་ལྟ་གྲུབ་དང་ར་འཕྲོད་པ།  ཕྱོགས་གཅིག་གི་གནས་སྐབས་ཀྱི་དཔལ་འབྱོར་དགོས་མཁོ་ཁ་སྐང་ཆེད་ཅི་མི་སྙམ་པའི་ལས་བྱེད་པ་སྤང་བ། ལུགས་དང་མཐུན་པའི“རྒྱུ་རིན་བླངས་ན་མི་སྡེ་སྤྱི་ཚོགས་ཁྲོད་ཀྱི་རིག་གནས་མང་པོ་སྲུང་འཛིན་ཡུན་རིང་ཡོང་ཐུབ་པར་མཐུན་རྐྱེན་ལེགས་པོ་སྦྱར་བ་ཡིན་ནོ།། ཁམས་ཀྱི་གཉེན་བཤད་ལྷ་ཁུག་བསྟོད་པ་བདེ་ལེགས་དར་དཀར་ལས་ཀྱང་། “མཆོད་མཆོད་ལ་ཕ་ལྷ་མཆོད།། ཕ་ལྷ་ཕྲག་པ་གཡས་ནས་མཆོད།། མཆོད་མཆོད་ལ་མ་ལྷ་མཆོད།། མ་ལྷ་ཕྲག་པ་གཡོན་ནས་མཆོད།། མཆོད་མཆོད་ལ་ཞང་ལྷ་མཆོད།། ཞང་ལྷ་སྤྱི་བོའི་གཙུག་ནས་མཆོད།། ” (2)ཅེས་པ་ལས་བོད་ཀྱི་གཉེན་སྟོན་གྱི་རིན་ཐང་ལྟ་བ་ནི་རྟགས་རྟེན་འབྲེལ་དང་ཡུལ་ལྷ་གཞི་བདག་ལ་མཆོད་པའི་ཕྱྭ་གཡང་བསྒྲིགས་ནས་བུ་བུ་མོའི་གཉེན་སྟོན་བཀྲ་ཤིས་དོན་འགྲུབ་པའི་རྟེན་འབྲེལ། ནང་བཟའ་ཟླ་མཐུན་གི་རྟེན་འབྲེལ། མི་རྒྱུད་ཆུ་ལས་རིང་བའི་རྟེན་འབྲེལ། གཤིས་རྒྱུད་དར་ལས་འཇམ་པའི་རྟེན་འབྲེལ། མི་ཐོག་ཟས་གསུམ་དར་བའི་རྟེན་འབྲེལ། སྐྱིད་ཀྱི་གཡང་ཁྱིམ་གསར་བ་འདི་ལ། སྒོ་ཁ་རྒྱུ་ཡིས་བཀང་ཡས། རྒྱུ་དེར་གཡང་ཞིག་ཆགས་ཡས། གོ་ཁ་བུ་ཡིས་བཀང་ཡས། བུ་དེར་རིག་པ་རྒྱས་ཡས། བདེ་སྐྱིད་འཚོ་བ་རོལ་བའི་བཀྲ་ཤིས་རྟེན་འབྲེལ་གྱི་ངོས་འཛིན་བཅའ་བ་ཡིན།
          གསུམ་པ། གཅན་ཚའི“རྒྱུ་རིན”ཐད་ཀྱི་བསམ་གཞིགས།
          གཅན་ཚ་ས་ཆའི་རོང་ཕྱོགས་ཕལ་མོ་ཆེའི“རྒྱུ་རིན”ལེན་པའི་ཚད་ལོ་རེ་ནས་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད་པ་ཀུན་གྱི་ཀུ་རེ་རྩེད་མཚར་གྱི་གཏམ་ལ་གྱུར་བ་ལས་རྒྱུ་མཚན་ལ་བསམ་གཞིག་བྱེད་མཁན་དཀོན།  འདི་དང་རིགས་འདྲ་བའི་དཔལ་འབྱོར་འཚོལ་སྒྲུབ་སྟབས་བདེར་གྱུར་བའི་གནས་སྟངས་འདི་མདོ་སྨད་གཅན་ཚ་ས་ཁུལ་དཔེ་གཞིར་བཅོལ་ཏེ་བསམ་གཞིག་བྱེད་ཡུལ་དུ་ལྷག་པ་ལས། བོད་རིགས་ས་ཁུལ་གཞན་དག་ལ་རིམ་གྱིས་མི་དར་བའི་གདེང་ཚོད་སུ་ལའང་ཡོད་པ་མ་རེད། དེའི་ཕྱིར། གཅན་ཚའི་བཀྲ་བྷོས“དམངས་སྲོལ་རིག་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ན། གཅིག་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྟེན་དགོས་པ། གཉིས་ནས། སྲིད་གཞུང་གི་མ་དངུལ་ཐད་ཀྱི་རོགས་རམ་ལ་བརྟེན་དགོས་པ། གསུམ་ནས།  མི་རིགས་རང་ཉིད་ཀྱི་འབད་འབུངས་བྱེད་དགོས་པ་གཞིར་བཅས་དེང་སང་རྒྱལ་སྤྱིའི་སྟེང་དམངས་ཁྲོད་རིག་གནས་ལ་བདག་སྐྱོང་བྱེད་ཀྱིན་ཡོད།”(3)གསུངས་པ་བཞིན། བོད་རིགས་དམངས་ཁྲོད་ཀྱི་གཉེན་སྲོལ་རིག་གནས་འདི་ཡང་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་བསམ་པའི་དཔལ་ཡོན་དར་རྒྱས་ཆེ་བའི་རང་ཅག་ཁ་བ་རི་བོའི་ཕུལ་བྱུང་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ཡོད་པས། ཕ་ཚ་བུ་རྒྱུད་ཀྱིས་རྒྱུན་ཆད་མེད་པར་འཛིན་སྐྱོང་སྤེལ་གསུམ་ལས་ཐོན་པའི་རིག་གནས་འདི་ཉིད་རིག་གནས་རྒྱུད་འཛིན་དང་། དུས་དང་འཚམ་པའི་གསར་གཏོད་ཀྱིས་ངེས་པར་དུ་རིག་གནས་ཀྱི་ཆོས་ཉིད་དང་མཐུན་འགྲིག་ཡོང་བ་རྒྱུན་འཁྱོངས་བྱ་དགོས་ངེས་སུ་མཐོང་། རང་རྒྱལ་གྱི《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཞི་བཅུ་ཞེ་བདུན་པའི་ནང“རྒྱལ་ཁབ་ཀྱི་ལས་དོན་མི་སྣས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བཙན་གནོད་བྱས་པའི་ཉེས་ཚབས་ཆེན་པོ་ཡོད་མཁན་ལ་ལོ་གཉིས་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གམ་དུས་ཐུང་ལས་སྐུལ་བཙོན་འཇུག་གི་ཉེས་ཆད་གཅོད་རྒྱུ།” གཞན་ཡང《སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་སྲོལ་རྒྱུན་རིག་གནས》ལས“རྒྱུན་འཛིན་གྱི་དམིགས་ཡུལ་ནི་གསར་གཏོད་ཀྱི་ཆེད་དུ་ཡིན་པ་དང་། མིང་དོན་མཚུངས་པའི་གསར་གཏོད་ནང་ལ་རྒྱུན་འཛིན་མ་ཚུད་ཐབས་མེད་རེད། དེ་ནི་ལོ་རྒྱུས་འགུལ་སྐྱོད་ཀྱི་རྩོད་སྒྲུབ་རིག་པ་ཡིན་ལ་རིག་གནས་འཕེལ་རྒྱས་ཀྱི་རྩོད་སྒྲུབ་རིག་པའང་ཡིན”ཞེས་གསུངས་པ་ལྟར་རྒྱུད་འཛིན་གྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་ཞིག་ཡིན། འདི་ལྟར་བགྱི་ཚེ་ད་གཟོད་དམངས་སྲོལ་རིག་གནས་ཀྱི་བང་མཛོད་ཕྱུར་བུར་གཏམས་ཏེ་འཛམ་གླིང་དབུས་སུ་སྐར་མ་སྟོང་ལྡན་འཆར་སྲིད་པའི་ནོར་བུ་རིན་ཐང་གཞལ་ཐུབ་མེད་པ་དེ་རུ་འགྱུར་སྲིད་ངེས། 
          མཇུག་སྡོམ།
          མདོར་ན་མདོ་སྨད་གཅན་ཚ་ས་ཆའི“རྒྱུ་རིན”གྱི་ངོ་བོ་ཡང་བསྐྱར་ལུགས་གཉིས་དང་མི་འགལ་བའི་རང་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ལ་འཕེལ་རྒྱས་སུ་གཏོང་དགོས་ན། རྒྱུད་འཛིན་གྱི་ཁྲོད་ནས་བཅོས་བསྒྱུར་གཏོང་དགོས་པ་ལས་ངོ་བོར་འགྱུར་བ་གཏོང་མི་རུང་བར་མཐོང་། དེ་ལ་མདོ་མཁར་བས་“སྲོལ་ལུགས་ལོག་པ་དག་མཆིས་ན་ནི། གནའ་བོའི་ཡིན་ཀྱང་དོར་བར་བྱེད། སྲོལ་ལུགས་བཟང་བོ་དག་མཆིས་ན་ནི། གསར་བུའི་ལུགས་ཡིན་ཀྱང་སྒྲུབ་པར་བྱེད།”(3)ཅེས་བཀའ་སློབ་གནང་བ་ལྟར་རིགས་གཅིག་སྤུན་ཟླ་ཡོངས་ཀྱིས་འབད་པ་བྱེད་དགོས་པའི་གནས་སོ།།
          མཆན།
1.དོན་གྲུབ་དབང་འབུམ། 《དུས་སྐབས་གསར་བའི་མི་རིགས་རིག་གནས་ཀྱི་བསམ་གཞིགས།》[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་17ན་གསལ།
2.ཀརྨ་མཁའ་འབུམ་དང་བཀྲ་ཤིས་རྒྱལ་མཚན་གཉིས་ཀྱིས་བདམས་ཏེ་བསྒྲིགས།《གཉེན་བཤད་ཐོས་པ་ཀུན་དགའ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996ལོ། ཤོག་ངོས་312 ན་གསལ།
3.གཅན་ཚའི་བཀྲ་བྷོ། 《དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་107ན་གསལ།
4.མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། 《མི་དབང་རྟོགས་བརྗོད》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་712 ན་གསལ། 
5. རྒྱུ་རིན་ནི་གཉེན་ཚང་གིས་ཨ་ཞང་ཚང་ལ་གཉེན་རྟེན་ནམ་སློང་རྟེན་དུ་སྟེར་བའི་སྐྱེས་ཤིག དེ་ལ་དེང་དུས་སུ་སྒོར་མོ་དང་གྱོན་གོས། རྒྱན་ཆ། ཇ། ཁ་བཏགས་སོགས་སྟེར་སྲོལ་འདུག  མཚོ་ལྷོ་འབའ་རྫོང་ཕྱོགས་ཀྱི་འབྲོག་སྡེ་ཞིག་ཏུ་ཁ་བཏགས་ཀྱང་ཟེར་མོད། དེ་ནི་རྒྱུ་ཆ་བལ་དང་རས་སོགས་ལས་གྲུབ་པ་དེར་གོ་མི་རུང་ངོ་།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1