༄༅།།བོད་མིས་ཇ་འཐུང་བའི་སྲོལ་འདི་དུས་ག་ཙམ་ཞིག་ནས་མགོ་བརྩམས་པ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་བོད་ཡིག་འཕྲིན་སྟེགས། སྤེལ་དུས། 04-26




གསོལ་ཇ།
        བོད་མི་ཇ་འཐུང་རྒྱུར་ཤིན་ཏུ་དགའ་བོ་གནང་གི་ཡོད། བོད་མིའི་འཚོ་བའི་ནང་ཇ་ནི་མེད་དུ་མི་རུང་བའི་བཏུང་བྱ་ཞིག་ཡིན། ཞོགས་པ་རེ་རེར་རྒྱུན་ཆད་མེད་པར་ཇ་འཐུང་བའི་སྲོལ་ཞིག་ཆགས་ཡོད་པར་མ་ཟད། ཁྱིམ་དུ་མགྲོན་པོ་ཕེབས་ཚེ། ངེས་པར་དུ་ཁ་སྟོང་བར་མ་བཏང་བར་གསོལ་བཏེགས་ནས་སྣེ་ལེན་ཞུ་སྲོལ་ཡོད། བོད་ཇ་ལའང་ཇ་སྲུབས་མ་དང་། ཇ་དྭངས། ཇ་མངར་མོ་ལ་སོགས་རིགས་མི་འདྲ་བ་ཁ་ཤས་ཡོད། དབུས་གཙང་ཁུལ་དུ་ཇ་ཁུ་ལྡི་བའི་གོམས་གཤིས་ཡོད། ཇ་ཁུ་ཞེས་པ་ནི་ཆུ་ལ་ཇ་དང་བུལ་ཐོག་ཕྲན་ཙམ་བརྒྱབ་སྟེ་ཡུན་རིང་ལྡིར་བའི་ཉིང་ཁུ་གར་མ་དེ་སྣོད་གཙང་ཞིག་གི་ནང་བླུགས་ཏེ་ཉར་དགོས། ཇ་བཟོ་སྐབས་ཆུ་ཁོལ་མའི་ནང་ཇ་ཁུ་ཕྲན་བུ་ཞིག་བླུགས་ནས། ཚྭ་དང་མར་བརྒྱབ་ནས་བསྲུབས་ན། ཇ་སྟབས་བདེའི་ངང་བཟོ་ཐུབ་ཀྱི་རེད། འོན་ཀྱང་། ཁམས་ཕྱོགས་ལ་ཇ་ཁུ་རྒྱག་སྲོལ་མེད་ཅིང་ཇ་ཧོབ་ཇ་ཞེས་ལམ་སེང་བསྐོལ་ནས་ཇ་བཟོ་སྲོལ་ཡོད། ཨ་མདོ་ས་ཆར་ཇ་དྭངས་མ་གཏོགས་ཇ་སྲུབས་མ་འཐུང་བའི་གོམས་གཤིས་མེད་སྐད་འདུག གྲོང་ཁྱེར་དང་གྲོང་རྡལ་ཁག་ནང་ཇ་མངར་མོ་འཐུང་རྒྱུར་དྭངས་ཞེན་ཆེན་པོ་ཡོད་ལ་གང་ས་གང་དུ་ཇ་མངར་མོའི་ཇ་ཁང་ཡང་མཐོང་རྒྱུ་ཡོད། ལས་ཀ་ཅུང་དལ་ཞིང་དུས་ཚོད་ཡོད་པའི་མི་ཚོས་ཇ་ཁང་ནང་ཇ་འཐུང་ཞིང་ཁ་བརྡ་གློད་ནས་སྡོད་རྒྱུར་དགའ་པོ་ཡོད། བོད་དུ་ཇ་འཐུང་རྒྱུའི་གོམས་གཤིས་དར་སོ་ཆེ་བ་དེ་ནི་བོད་མི་མང་ཆེ་བ་གནས་ཡུལ་ས་ཆ་མཐོ་ཞིང་སྐམ་ཤས་ཆེ་བས། ཁོར་ཡུག་གི་དགོས་པ་དང་འབྲེལ་བ་ཡོད།
        བོད་རྗེ་འདུས་སྲོང་མང་བོ་རྗེའི་སྐབས་སུ། བོད་ལ་ཇ་བྱུང་བའི་སྐོར་གྱི་བཤད་སྲོལ་ཞིག་ཡོད་པ་འདི་ལྟ་སྟེ། ནམ་ཞིག་རྒྱལ་པོར་སྙུན་གཞི་དྲག་པོ་ཞིག་ཕོག་པའི་དུས་སུ། བོད་ན་སྨན་དཔྱད་གཞུང་བཞིན་པ་ནི་མེད། དེས་ན་རྒྱལ་པོ་སྐུ་མཚམས་ལ་བཞུགས་པའི་སྐབས་དེར། ཕོ་བྲང་གི་པུ་ཤུའི་ཟུར་ན། བྱ་ཡིད་དུ་འོང་བ། སྔར་མཐོང་མ་མྱོང་བ་ཞིག་གི་ཁ་ན་ཤིང་བུ་ལོ་འདབ་དང་བཅས་པ་ཉུང་ཤས་ཤིག་ཁྱེར་ནས་སྐད་སྙན་པར་སྒྲོག་བཞིན་ཡོད་པ་རྒྱལ་པོས་གཟིགས་ནའང་། དེ་ཙམ་དོ་སྣང་མ་མཛད། སང་གནངས་ཀྱང་ཉི་མ་ཤར་མཚམས་སུ། བྱ་དེས་དེ་བཞིན་བྱེད་པས་རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ་ཤིང་བུ་དེ་ལ་བལྟས་ནས་བརྟག་དཔྱད་བྱས་པས་སྔར་མེད་ཀྱི་ཤིང་དུ་འདུག་ཅིང་། ཤིང་དེ་ཡི་སྣེ་མོ་གཅིག་ཞལ་དུ་བཅུག་ནས་བྲོ་བ་མྱངས་པས་ཞལ་སྐྱེམས་པ་གསོས། བཏུང་བའི་མཆོག་ཏུ་མངོན་ནས་ད་ཁྱེད་བློན་འབངས་རྣམས་ཉོན་ཅིག ང་ན་བའི་སྐབས་འདིར་གཞན་གྱི་བཟའ་བཏུང་ནི་གང་ཡང་མི་འདོད། བྱ་ཡིས་ཁྱེར་བའི་ཤིང་འདི་ནི་བཏུང་བའི་མཆོག་ལུས་ཀྱི་གསོས། ནད་ཀྱི་སྨན་དུ་འདུག་པས་ང་ལ་བློ་ཉེ་བ་རྣམས་ཀྱིས་ཤིང་འདི་ལྟ་བུ་གར་འདུག་ཀྱང་འཚོལ་དུ་བྱོན་ཅིག བྱ་དགའ་ཆེན་པོ་བྱེད་དོ་གསུངས། བློན་འབངས་བྱིངས་པོས་བོད་ཡུལ་གྱི་ས་ཆ་སྟོད་སྨད་ཐམས་ཅད་ལ་བཙལ་ཡང་མ་རྙེད། རྒྱལ་པོར་ལྷག་བསམ་དཀར་པོའི་བློན་པོ་ཞིག་ཡོད་པ་དེས། བོད་ཀྱི་ས་མཐའ་ཀུན་ལ་ཉུལ་ནས་མཐར་རྒྱ་ཡི་ནགས་སྟུག་པོ་སྨྱུག་མས་ཁེངས་པ་ཞིག་ཏུ་བསླེབས་ཏེ་ཕ་གིའི་གསེབ་ལ་ཤིང་དེ་ངེས་པར་ཡོད་དོ་སྙམ་ནས། ཁ་གཏད་ཕྱིན་པས་ནགས་དེའི་ཚུར་རོལ་ལ་ཆུ་ཆེན་པོ་ཞིག་འདུག་པས་ཆུ་ལ་ནི་འགྲོ་མ་ནུས། ཤིང་དེ་ནི་ནགས་གསེབ་ན་ཡོད་པ་ངེས་རིག་སྟེ་རྒྱལ་པོ་ཡིད་ལ་འཁོར་བཞིན་བསྡད་ཙ་ན། དར་ཅིག་ནས་ཉ་ཆེན་པོ་ཞིག་ཁོའི་ཐད་ནས་ཆུ་དེ་ལ་ཞུགས་སོང་བ་མཐོང་ནས། ཆུ་ཁ་ཞེང་ཆེ་བ་མ་གཏོགས་གཏིང་ལ་མི་ནུབ་པར་འདུག་པས་སེམས་དགའ་སྟེ། དེའི་རྗེས་ལ་བརྒལ་ཕྱིན་ནས་ནགས་གསེབ་ཏུ་བསླེབས་པ་དང་། ནགས་ཚལ་ཕལ་ཆེ་བ་ནི་བྱ་ཡིས་ཁྱེར་བའི་ཤིང་དེ་རང་རེད་འདུག་པས། ད་ང་ནི་བློ་བདེའོ།། རྗེ་བོ་ངེས་པར་སྐུ་ལུས་རྒྱས་པར་འགྱུར་རོ་སྙམ་པའི་དགའ་སྤྲོ་དང་བཅས་ཤིང་དེ་ནས་རྒྱབ་གཅིག་བརྔས་ཀྱང་བསམ་མནོ་ཕྱི་མ་ལ། རྒྱལ་པོ་སྙུན་དྭངས་པ་ལ་ནི་འདིས་ཕན་ངེས། ས་ཐག་རིང་བར་འདུག་པས་ད་ལན་འཁུར་བའི་གྲོགས་སམ་ཁལ་མ་གཅིག་ཡོད་ན་བསམ། འདོད་པ་སྐྱེས་པའི་དུས་དེར་སྔོན་ནས་མེད་ཤྭ་བ་ཡུ་མོ་ཞིག་མི་འཛེམས་པར་རྩ་རུ་བསླེབས་བྱུང་བས། འདི་ལ་ཁལ་བཀལ་རུང་ངམ་སྙམ་ནས་གྲབས་བྱས་པས་རང་གི་འདོད་པ་བཞིན་བྱུང་། ཤིང་དེ་ནས་ཤྭ་བ་ལ་རྒྱབ་གཅིག་དང་ཁོ་རང་གིས་རྒྱབ་ཅིག་ཁུར་ནས། ལམ་ཞག་ཟླ་བའི་བར་སོང་བ་ལས་མཐར་ཤྭ་བས་བོད་རྒྱལ་པོའི་ཕོ་བྲང་མཐོང་སའི་བར་བསྐྱལ། དེ་ནས་གྲོགས་བཀུག་སྟེ་རྒྱལ་པོའི་སྤྱན་སྔར་ཕུལ་བས། རྒྱལ་པོ་ཤིན་ཏུ་དགྱེས་ནས་བྱ་དགའ་ཆེན་པོའང་བྱས། སྙུང་གསོས་པ་ལ་ཡང་ཕན་པར་གྲགས།
        འདུས་སྲོང་མང་པོ་རྗེའི་སྐབས་ནས་བོད་ལ་ཇ་འཐུང་བའི་སྲོལ་དར་བར་བཤད་པའི་བཤད་རྒྱུན་དེ་ཁུངས་བཙན་པོ་ཡིན་ཕྱིན། ཇ་ཡི་ཐ་སྙད་དེ་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ངེས་རེད། འོ་ན། གོང་ལྟར་རྗེས་གྲུབ་ཀྱི་ཐ་སྙད་བྱ་ཞེས་མི་འབྲི་བར་ཇ་ཞེས་བྲི་དགོས་དོན་གང་ཡིན་ཟེར་ན། དེ་ཡང་འདབ་ཆགས་བྱ་དང་བཏུང་བྱེད་ཀྱི་ཇ་གཉིས་དབྱེ་འབྱེད་ཡོང་བའི་ཆེད་དུ་ཡིན་ཤས་ཆེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1