༄༅།།སྲན་ཞོ་བཟོ་ཚུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 04-26



       སྲན་ཞོ་ནི་བོད་ཡུལ་དུ་ལོ་ཉིས་བརྒྱའི་གོང་ཙམ་ནས་བཟོ་སྲོལ་ཡོད་པ་ཞིག་རེད་འདུག་ལ་དེ་ཡང་ཤར་ཕྱོགས་རྒྱལ་མོ་རོང་དང་། ཤར་ལྷོ་བདེ་ཆེན་ཁུལ་དང་། ལྷོ་ཕྱོགས་ཀོང་པོའི་ཡུལ་བཅས་ས་ཁ་དམའ་བའི་ཞིང་ཁུལ་སྲན་མ་སྣ་མང་ཐོན་སྐྱེད་བྱ་སའི་ས་ཆ་རྣམས་ཡིན་ཅིང་། ད་ལྟའི་ཆར་ཡང་བདེ་ཆེན་དང་རྒྱལ་རོང་གཉིས་སུ་མུ་མཐུད་དེ་ལག་རྩལ་དེ་བེད་སྤྱེད་གཏོང་བཞིན་པ་ཞིག་རེད། 
       ད་དུང་མཚོ་སྔོན་དང་ཀན་ལྷོ་ཁུལ་གྱི་ཞིང་པ་སྲན་མ་འདེབ་འཛུགས་བྱ་ཡུལ་དག་ལ་སྲན་ཞོ་བཟོ་སྲོལ་ཡོད་མེད་ཀྱི་ཆ་འཕྲིན་ད་ལྟའི་ཆར་ཁོ་བོའི་རགས་མ་བྱུང་། 

       སྲན་ཞོ་བཟོ་བའི་ལག་རྩ་འདི་ཐོག་མའི་ཡོང་ཁུངས་ནི་རྒྱ་ཡུལ་ནས་བྱུང་བ་ཞིག་ཡིན་ནམ་སྙམས་པ་ཙམ་ལས་དམིགས་བསལ་བྱུང་བ་ལོ་རྒྱུས་སྐོར་ལ་ཞིབ་འཇུག་གང་ཡང་མེད་པས། འདིའི་སྐོར་ཤེས་མི་འདྲ་ཡོད་ན་གསལ་སྟོན་གནང་རྒྱུའི་རེ་བ་ཡོད། ཕྲན་ནས་སྲན་ཞོ་བཟོ་ཚུལ་རྒྱ་ཡུལ་གྱི་ས་ཆ་ཧོད་པེ་གསང་ཧི་དང་། ཟི་ཁྲོན་ལུ་ཧྲན། ཧྥུ་ཅན་ལོང་ཡན་གསུམ་ནས་སྦྱངས་པ་དང་། དེ་རྗེས་བདེ་ཆེན་རྒྱལ་རོང་གཉིས་ནས་དངོས་སུ་ལག་ཁྲིད་དང་། ཀོང་ཡུལ་གྱི་བསྒྲེས་སོང་དག་ལ་བཀའ་འདྲི་ཞུས་ནས་རྒྱུས་ལོན་བྱས་པ་ཞིག་ཡིན། རྒྱ་སྐད་ལ་ཏོད་ཧྥུ་ཟེར་བའི་སྲན་ཞོ་འདི་ནི་བཟའ་བཏུང་གཉིས་ཆར་ལ་བཀོལ་དུ་རུང་བ་མ་ཟད་འཚོ་བཅུད་བཟང་པོ་ཞིག་ཡིན་པ་དེང་སེང་ཤོད་བཞིན་པ་འདི་རེད། རྒྱ་ཡུལ་ན་ཧོད་པེ་གསང་ཧི་དང་། ཧྥུ་ཅན་ལོང་ཡན་གཉིས་ཀྱི་སྲན་ཞོ་ལ་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། ལག་རྩལ་ཡང་མི་སུ་འདོད་འདོད་ལ་བསླབ་ཀྱི་མེད་རྐྱེན་ཧོད་པེ་གསང་ཧི་ནས་ཡིག་པར་བཟོ་གྲ་ཞིག་དང་ཡུན་རིང་མཉམ་ལས་ཡོད་པའི་བརྒྱུད་ནས་སློབ་ཡོན་ཡང་མི་ཉུང་བ་ཕུལ་ནས་སྦྱངས་པ་ཡིན། ཧྥུ་ཅན་ལོང་ཡན་གྱི་སྲན་ཞོའི་ཐོན་རྫས་སྣ་མང་ཡིན་པ་དང་ཐོན་རྫས་དག་ཐུམ་རྒྱབ་ནས་རྒྱལ་ཡོངས་སུ་འཚོང་གི་ཡོད་པས་སློབ་སྦྱོང་བྱེད་ཡ་ལ་ཁག་པོ་བྱུང་མཐར། ཕར་ཉིན་མ་བཅུའི་རིང་བོད་ལུགས་ལུས་སྦྱོང་འཁྲུལ་འཁོར་བསླབ་ནས་ཚུར་ཉིན་ལྔའི་རིང་སྲན་ཞོ་བཟོ་བའི་ལག་རྩལ་སྦྱང་པ་ཡིན། སྲན་ཞོ་ལས་ཟས་སྣ་མི་འདྲ་བ་བརྒྱ་ལྷག་བཟོ་སྲོལ་ཡོད་ཅེས་རྒྱ་ཡུལ་ནས་ཤོད་ཀྱི་ཡོད། ད་ལྟ་བོད་ཡུལ་དུ་སྲན་ཞོའི་བཟའ་བཏུང་སྣ་ཁ་བཅུ་གསུམ་ཙམ་ཞིག་བཟོ་སྲོལ་ཡོད། 
       སྲན་ཞོའི་རྒྱུ་ཆ།
       རྒྱ་ཡུལ་གྱི་སྲན་ཞོ་ཚང་མ་སྲན་ཆེན་དཀར་པོའམ་ཏ་ཏོད་ཞེས་པ་དེ་ཡིན་ཅིང་དེ་ནི་རིན་གོང་ཆུང་བའི་རྐྱེན་གྱིས་རེད་ཟེར་གི་འདུག  །བོད་ཡུལ་བདེ་ཆེན་ནས་ཀྱང་སྲན་ཆེན་དཀར་པོ་དང་བོད་ཀྱི་སྲན་མ་ནག་པོ་ལའང་བཟོ་གི་འདུག །སྔར་ཀོང་ཡུལ་ནས་སྲན་ཆེན་དང་སྲན་དཀར་སོགས་སྲན་མའི་རིགས་ཚང་མ་ལ་བཟོ་ཆོག་གི་རེད་ཅེས་གསུང་བྱུང་། རྒྱལ་རོང་ནས་མོན་སྲན་ལེབ་མོ་ལ་བཟོ་གི་འདུག་ཡིན་ནའང་རྒྱུ་ཆ་འདི་དག་ནི་ཐོན་སྐྱེད་ཀྱི་ནུས་པ་མི་འདྲ་བ་དང་རིན་གོང་ཆེ་ཆུང་ལ་ལྟོས་པ་ཞིག་རེད་འདུག  །གང་ལྟར་ན་ཡང་བོད་གྱི་ཞིང་པའི་ཁུལ་དུ་སྲན་ཞོ་ཐོན་སྐྱེད་མི་ཉུང་བ་བྱ་ཆོག་པས་སྲན་ཞོའི་ལག་རྩལ་འདི་བེད་སྤྱད་ནས་བཟའ་བཏུང་ལ་བཀོལ་བ་ཡིན་ན། གཟུགས་པོ་བདེ་ཐང་ལ་ཕན་ཐོག་ཆེན་པོ་ཡོད་པ་མ་ཟད། བོད་ཀྱི་བཟའ་བཏུང་གི་རྒྱུ་ཆ་ཡང་ཕུན་སུམ་ཇེ་ཚོགས་རུ་འགྲོ་ལ། སྲན་མ་ཐོན་སྐྱེད་བྱེད་པའི་ཞིང་པ་ལ་ཡང་ཡོང་སྒོ་ཡོད་པ། གཡོས་སྦྱོར་ལག་རྩལ་པའི་ལས་ཀའི་གོ་སྐབས་མང་པོ་རགས་པ་སོགས་ཕན་ཐོག་ཆེན་ཡོད་རེད།

       དེ་ནས་སྲན་ཞོ་བཟོ་བའི་ཕབ་རྟ་ནི་རྒྱ་ཡུལ་དུ་ཧྲི་ཀོ་ཞེས་རི་ཁའི་རྡོ་ཞིག་དང་ཡང་ལོད་ཧྲུས་ཞེས་སྔར་སྲན་ཞོ་བཟོས་ཟིན་པའི་བཅུར་ཆུ་ལ་བཟོ་བའི་སྲོལ་གཉིས་ཡོད། ཡང་བོད་ཡུལ་ནས་གོང་གི་དེ་གཉིས་ཀྱི་ཐོག་ཏུ་ལོ་བཅུར་གྱི་ཁུ་བ་ཡང་བཟོ་སྲོལ་ཡོད། དེ་ཡང་འོ་མ་བསྐོལ་བའི་ནང་ཞོ་བཅུར་བླུག་ན་རུལ་ནས་དངས་སྙིགས་བྱེ་བ་ནང་བཞིན་རིག་པ་གཅིག་རེད། དེས་ན་བཅུར་ཁུ་གང་རུང་ཞིག་གིས་བྱས་ནའང་ཆོག་པ་ཞིག་རེད་འདུག་ཀྱང་། བསྒྲེས་སོང་དག་གིས་བཤད་རྒྱུན་ལྟར་ན་སྲན་ཞོའི་བཅུར་ཁུ་དང་། ལོ་བཅུར་ཁུ་བ་གཉིས་ཀྱིས་བཟོས་ན་གཟུགས་པོ་ལ་འཕྲོད་པོ་ཡོང་གི་རེད་ཅེས་གསུང་གི་འདུག
       སྲན་ཞོ་བཟོ་བའི་ལག་ལེན་དངོས།
       དང་པོ་སྲན་ཞོ་བཟོ་རྒྱུའི་སྲན་མ་ཆུ་ལ་བཀྲུས་རྗེས་ཉིན་ཞག་གཅིག་གི་རིང་ཆུ་ནང་དུ་རྦངས་དགོས། དེ་ནས་རྡོ་མཆིག་གིས་ག་ལེར་དལ་མོའི་སྒོ་ནས་འཐག་དགོས། འཐག་ཚར་རྗེས་རས་ཚགས་ཀྱིས་བརྩགས་ནས་དངས་སྙིག་ཡང་ཡང་དབྱེ་སྟེ་དངས་མ་འོ་མ་ལྟ་བུར་གྱུར་པ་དེ་བསྐོལ་ནས་བཏུང་ན་སྲན་འོ་ཞེས་སྲན་མའི་འོ་མ་ཞིམ་པོ་ཞིག་ཡོང་གི་ཡོད། ཡང་དེ་ཉིད་ཁོལ་ཟིན་རྗེས་ཅུང་ཟད་གྲངས་དུ་བཞུགས་སྐབས་སྟེང་དུ་ཁ་སྤྲི་སྲབ་མོ་ཞིག་ཆག་ཡོང་བ་དེ་དབྱུག་པས་བླངས་ནས་བསྐམས་ན་ཟ་མ་བཟོ་བྱེད་ཀྱི་རྒྱུ་ཆ་ཡག་པོ་ཞིག་ཡོང་གི་ཡོད་པ་དེ་ལ་སྲན་འོའི་ཁ་སྤྲི་ཞེས་འབོད། དེ་འདྲ་ཡང་ཡང་བྱས་ནས་བཟོས་ན་སྲན་འོ་ཚང་མ་ཁ་པྲི་སྲབ་མོ་ཞིག་ལ་བསྒྱུར་ནས་བསྐམས་ཆོག །ཡང་ས་ཆ་ཁ་ཤས་ནས་སྲན་འོ་དེའི་ནང་དུ་བ་འབྲིའི་འོ་མ་ཅུང་ཟད་བླུགས་ནས་སྲན་ཇ་ཞེས་ཇ་རུ་བཟོ་ནས་བཏུང་སྲོལ་ཡང་ཡོད། ཡང་དེའི་ཐོག་ཏུ་ནས་དང་སྲོ་མ་ར་ཛ་བརྔོས་པའི་ཡོས་བླུགས་ནས་བཏུང་ནའང་ཞིབ་པོ་ཡོང་གི་ཡོད་རེད། བརྩགས་རྒྱབ་པའི་སྙིགས་མ་དེ་ལ་རི་རྒོག་གི་རིགས་དང་ཚ་སོགས་བྲོ་རྫས་ཅུང་ཙམ་བསྣན་ནས་མོ་མོའི་ནང་འཇུག་བྱ་ནས་ཟ་མ་འགའ་ཤས་བཟོ་སྲོལ་ཡོད། ཡང་དེ་ཉིད་མར་གྱི་ནང་དུ་བརྔོས་ནས་ཟ་སྲོལ་ཡང་ཡོད། དེ་ནས་བརྩགས་བརྒྱབ་པའི་སྲན་འོ་བསྐོལ་མའི་ནང་དུ་རྡོ་ཐལ་འདུར་མ་དང་། ཡང་ན་སྲན་ཁུ་བཅུར་མོ་དང་། ཡང་ན་ལོ་བཅུར་ཁུ་བ་གང་རུང་ཞིག་རིམ་གྱིས་བླུགས་ནས་སྲན་འོ་དེ་ལ་དངས་སྙིགས་འབྱེད་དགོས། དངས་སྙིགས་བྱེ་ནས་དངས་མ་ལྗང་སེར་ཆུ་དངས་མ་རུ་འགྱུར་ལ། སྙིགས་མ་འབྲོག་པའི་ཆུར་ར་བཟོ་བྱེད་ལྟ་བུ་རུ་གྱུར་པ་དེ་ལ་ཟས་སྣ་གསུམ་གྱི་རྒྱུ་ཆ་བཟོ་ཆོག  །དང་པོ་དེ་ཐད་ཀར་ཟ་ཆོག་གི་ཡོད་ལ། གཉིས་པ་དེའི་སྔོ་རྡུམ་སོགས་དང་བསྲེས་ནས་ཟ་ཚུལ་ཡང་ཡོད། གསུམ་པ་དེ་ཤིང་ར་གྲུ་བཞིའི་ནང་བརྩགས་རྒྱབ་ནས་སྲན་ཞོ་སྲབ་འཐུག་སྣ་ཚོགས་བཟོ་ནས་ལས་བསྣོན་བྱ་སྲོལ་ཡོད། མདོར་བསྡུ་ན་སྲན་ཞོ་ལས་སྐབས་ཕྲོ་བརླགས་ཅུང་ཟད་ཙམ་ཡང་མི་འགྲོ་བར་ཚང་མ་བཟའ་བཏུང་རུ་བསྒྱུར་ཐུབ་གི་རེད།
       དོན་སྣང་བྱ་དགོས་པ།
       གཅིག སྲན་མའི་ནང་ས་རྡོ་མེད་པར་བྱ་ནས་ཆུ་ལ་གཙང་མར་བཀྲུས་རྗེས་དུས་ཚོད་ཉེར་བཞིའི་རིང་རྦངས་རྒྱུ་གལ་ཆེ།
       གཉིས། སྲན་འོ་བསྐོལ་བའི་དུས་སུ་མེ་ཚད་ཆེ་ཆུང་རན་པའི་སྒོ་ནས་ག་ལེར་བསྐོལ་བཞིན་མི་འཚིགས་པར་བཀྲུགས་དགོས།
       གསུམ། བཅུར་རྟ་གང་འདྲ་ཡིན་རུང་ཚོད་ཟིན་པོ་བྱ་རྒྱུ་དེ་གལ་ཆེ་བ་བཅས་ལ་ནན་ཏན་བྱ་དགོས། 
       བཞི་པ། སྲན་མ་འཐག་སའི་རྡོ་མཆིག་ནི་སོ་རྩིང་པོ་ཅན་དམིགས་བསལ་ཞིག་ཡིན་དགོས་པ་ལས་རྩམ་པ་འཐག་ས་དང་གཅིག་པ་མིན། དེང་སེང་འཕྲུལ་འཁོར་གྱི་འཐག་ཆས་ཡང་སྣ་མང་ཡོད། 
       མཇུག་གི་གསལ་བཤད།
       སྲན་ཞོ་ནི་མིའི་ལུས་ཕུང་ལ་ཤིན་ཏུ་འཕྲོད་ཅིང་འཚོ་བཅུད་མང་པོ་ཞིག་ཁ་གསབ་བྱེད་ནུས་པ་མ་ཟད། ཁྲག་ཤེད་དམའ་རུ་གཏོང་བ་དང་། ཀླད་པའི་བདེ་ཐང་ལ་ཕན་པ།རུས་སོབ་ཏུ་འགྱུར་བར་སྔོན་འགོག་བྱེད་པ། དབུགས་བདེ་བར་འརྒྱུ་བ་ལ་ཕན་ཞིང་། ཚ་བ་སེལ་ཞིང་དུག་སེལ་བ། ལུ་བ་འགོག་པ། ལུས་ཀྱི་གཤེར་ཁུ་གསོ་བ། ཁ་སྐམ་པ། ཕོ་བ་དང་རྒྱུ་མ་གཙང་སེལ་བྱེད་ཐུབ་པ་སོགས་མང་།འོན་ཀྱང་ཟ་ཆེ་ན་གནོད་པ་འབྱུང་བ་ཡང་ཤེས་དགོས།
       སྲན་ཞོ་ལས་ཚུལ་ནི་སྔར་ཀོང་པོ་ཡུལ་དུ་ཡོད་པར་བཤད་ཀྱང་ད་ལྟ་ལག་ལེན་ཤེས་མི་ཉུང་བས་ཐོན་བསྐྱེད་བྱ་གི་མེད། ད་ལྟ་བར་མ་ཆད་པར་སྲན་ཞོ་ཐོན་སྐྱེད་བྱ་བཞིན་པ་ནི་རྒྱལ་རོང་དང་རྒྱལ་ཐང་ཙམ་རེད། ཀོང་ཡུལ་དུ་སྲན་མ་བཏུན་ཁུང་ནང་དུ་བརྡུངས་ནས་བརྩགས་རྒྱབ་པའི་འོ་མ་འཐུང་སྲོལ་ཡོད་པ་མ་ཟད། བཤད་སྲོལ་ལ་ཡང་། འཐུང་ཆེ་ན་བ་འོའི་མཁྲིས་པ་ན། རྒྱུད་འཇམ་པ་སྲན་མའི་འོ་མ་ཙམ། ཟེར་བ་སོགས་བཤད་སྲོལ་ཡང་འདུག  

       སྲན་ཞོ་ནི་འཚོ་བཅུད་ཕུན་སུམ་འཚོགས་པོ་ཡོད་ཅིང་བཟའ་བཏུང་གཉིས་གོ་ཆོད་པའི་རྒྱུ་ཆ་ཡག་པོ་ཞིག་ཡིན་ཅིང་། ལྷག་པར་དུ་ཤ་མི་ཟ་བའི་མི་རྣམས་ཀྱིས་བེད་སྤྱད་པ་ཡིན་ན་བཟའ་བཏུང་སྣ་མང་བཟོ་ཆོག་གི་རེད། དེ་ཡང་རྒྱ་ཡུལ་ནས་བཟའ་བཏུང་སྣ་ཁ་བརྒྱ་ལྷག་ཙམ་བཟོ་གི་ཡོད་པར་ཤོད་ཀྱང་། ངས་མཐོང་ཐོས་ལ་རྒྱ་ལུགས་སྲན་ཞོའི་ཟ་མ་༥༣་ཙམ་ཞིག་ཡོད། བོད་ཁུལ་ནས་སྲན་ཞོའི་ཟས་སྣ་མི་འདྲ་བ་ཉི་ཤུ་ཙམ་བཟོ་སྲོལ་ཡོད་པར་ཐོས་ཀྱང་ད་ལྟ་ལག་ལེན་དངོས་སུ་ཤེས་པ་ནི་བཅུ་གསུམ་ཙམ་ཡོད་ལ། ད་དུང་རྒྱ་ཟས་བཟོ་ཚུལ་ནས་ལེགས་ཆ་བླང་ནས་གསར་གཏོད་བཟོས་ན་ཟས་སྣ་ཧ་ཅང་མང་པོ་བཟོ་ཆོག་པ་དང་། བོད་ལ་སྲན་མའི་ཐོན་ཁུངས་ཡང་ཡག་པོ་ཡོད་པ་སོགས་ཀྱིས་སྲན་ཞོའི་བཟའ་བཏུང་སྣ་མང་བཟོ་བ་ལ་ཆ་རྐྱེན་བཟང་པོ་ཞིག་འཛོམས་ཡོད། རྒྱ་ཡུལ་གྱི་ཁྲོམ་རའི་ནང་གི་སྲན་ཞོའི་རྒྱུ་ཆ་དང་ལག་རྩལ་སོགས་ཁྲོམ་རའི་དགོས་མཁོ་ལ་བསྟུན་པ་གཙོ་བོ་ཡིན་པས། ལྷད་མེད་རང་བྱུང་གི་རྒྱུ་ཆ་འཛོམས་ཁག་པོ་ཡོད་པ་མ་ཟད་ཐུམ་སྒྲིལ་བཟོས་པ་རྣམས་ནི་དེ་བས་ཀྱང་སྨན་སྣ་མང་པོ་རྒྱབ་ཡོད་པ་མ་ཟད། དུས་ཚོད་ངེས་ཅན་ཞིག་བརྒྱུད་ཡོད་པ་བཅས་ཀྱི་བྲོ་བ་གསར་པ་དང་འཚོ་བཅུད་ལྡན་པ་ཞིག་ཡོང་དཀའ། དེས་ན་བོད་ཡུལ་དུ་རང་བྱུང་འཁོར་ཡུག་བཟང་པོ་ཡོད་པ་དང་སྲན་མའི་ཐོན་ཁུངས་ཡང་ཡག་པོ་ཡོད་པ་བཅས་ཀྱིས། འཚོ་བཅུད་ལྡན་ཞིང་བྲོ་བ་གསར་པའི་སྲན་ཞོའི་བཟའ་བཏུང་སྣ་ཁ་མང་པོ་བཟོ་རྒྱུའི་ཆ་རྐྱེན་བཟང་པོ་ཡོད་པ་འདི་བེད་སྤྱོད་གནང་ཤེས་པའི་རེ་བ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1