༄༅།།ཁྲི་ཀའི་མི་ཉག་མཆོད་རྟེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-26



        མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོའམ་མཆོད་རྟེན་དཀར་པོ་ཞེས་གྲགས་པ་ནི།བྲག་དགོན་པའི《མདོ་སྨད་ཆོས་འབྱུང》ལས། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་བ་ནང་བཞུགས་ཀྱི་རྟེན་ཁྲི་ཀར་ཡོད། ཅེས་གསུངས་ཏེ་རབ་བྱུང་མ་ཚུགས་གོང་གི་མི་མཁའ་རྒྱ་མཚོའི་འདས་ལོ་ལྕགས་གླང་སྤྱི་ལོ821ལ་ཁྲི་རལ་བ་ཅན་དང་། རྒྱ་རྗེ་མུ་ཙུང་གཉིས་ཀྱིས་དབོན་ཞང་གི་རྡོ་རིང་བསླངས།བཙན་པོ་ཞང་དང་། རྒྱ་རྒྱལ་འདུམ་པར་བྱས།ཞེས་དེབ་ཐེར་རྣམས་སུ་གསུངས། འདི་ལ་དཔགས་ན་ད་ལྟའི་རབ་རྒྱན་མི་ཡོས་ཡན་ལ་ལོ་ཆིག་སྟོང་ཆིག་བརྒྱ་རེ་དྲུག་སོང་ཟིན་པས་མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་རྟེན་ཐོག་མ་ཡིན།

        རབ་བྱུང་བཞི་པའི་ནང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོས་གདན་དྲངས་པར་ཕེབས་ལམ་དུ་མཆོད་རྟེན་འདིར་རབ་གནས་གནང་།
        རབ་བྱུང་བཅུ་གཉིས་པའི་ནང་ཪྙེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མས་ཞིག་གསོ་མཛད།སྒོ་རྒྱན་ནང་དུ་ཐུབ་སྐུ་དང་། བུམ་པའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་སྨན་སྐུ་མི་ཚད་ཙམ།གཞན་ཡང་སྐུ་གསུང་ཐུགས་རྟེན་གྱི་རྟེན་སྣ་ཕྱུར་བུར་སྤུངས་ཏེ་རབ་གནས་མཛད། ཡང་རབ་བྱུང་བཞི་པའི་ནང་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་གསེར་ཟངས་ལས་གྲུབ་པའི་ཉི་ཟླ་ཕུལ་ནས་ཞིག་གསོ་མཛད། དེ་ནས་རབ་ཚེས་མི་ཡོས་སྤྱི་ལོ1867ལོའི་ཧོས་འཁྲུགས་ཀྱིས་ཡུལ་འདིའི་དགོན་སྡེ་ཕལ་ཆེར་ལ་གནོད་སྐྱོན་དང་། མཆོད་རྟེན་འདི་ལའང་འཕྲོག་བསྲེགས་བཅོམ་གསུམ་ཚབས་ཆེན་བཟོས།
        ལོ་དེའི་སྨད་དུ་ཐར་ཤུལ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་གྲྭ་ཚང་འདི་དང་མཆོད་རྟེན་མཐའ་སྐོར་གྱི་མ་ཎི་འཁོར་ལོ་སོགས་ལ་ཉམས་གསོ་གང་ལེགས་མཛད། དེའི་མཚུངས་སུ་གོང་བ་གྲྭ་ཚང་དང་འཇམ་མོ་གྲྭ་ཚང་།ཅོག་རོང་གྲྭ་ཚང་དང་ཧོར་ཀྱཱའི་གྲྭ་ཚང་བཅས་ཀྱི་འདུ་ཁང་ལའང་ཉམས་གསོ་བྱས།
        དེ་ནས་རབ་རྒྱལ་ས་ཡོས་སྤྱི་ལོ1939ལོར་མི་ཉག་ངག་དབང་ལེགས་བཤད་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་གཞི་ཁྱོན་ཆེ་བའི་ཞིག་གསོ་ཐེངས་བཞི་པ་བྱེད་སྐབས།
        ཆོས་དད་མང་ཚོགས་ཀྱིས་ཧུར་བརྩོན་སྒོས་ཨར་ལས་ཀྱི་བྱ་བ་དང་།དགོན་པ་སོ་སོའི་གྲྭ་པ་རྣམས་ཀྱིས་སྐུ་འདྲ་དང་སཙྪ་སོགས་གཟུངས་གཞུག་འབུལ་བ་སོགས་ཀྱི་ལས་ལ་བསྒྲིམས་ཏེ་ཟླ་ཤས་རིང་ལེགས་འགྲུབ་བྱུང་།
        མི་ཉག་རིན་པོ་ཆེས་གསེར་སྲང་ཞེ་བདུན་ཕུལ་ཏེ་མཆོད་རྟེན་གྱི་ཉི་ཟླ་ཆར་ཁེབས་སོགས་ལ་གསེར་ཚོས་ཕུལ་ནས། མཆོད་རྟེན་ཆེན་མོ་འདིའི་རྣམ་པ་སྔར་ལས་ལྷག་པ་ཞིག་གྲུབ་སྟེ་ཡུལ་འདིའི་རྒྱན་མཆོག་ཏུ་གྱུར།བྱང་ཆུབ་མཆོད་རྟེན་འདིའི་བཞེངས་བཀོད་ནི། མཐོ་ཚད་ཁྲུ་དགུ་བཅུ་ཙམ་རྒྱུ་སོ་ཕག་ལས་གྲུབ།སྨད་ཆ་ལྷ་ཁང་གི་དབྱིབས་སུ་གྲུབ་ཅིང་ས་འཛིན་ནས་དགེ་བཅུའི་བར་ཐེམ་རིམ་རེ་རེ་བཞིན་གསལ་པོ་མིད་པར་ཕལ་ཆེར་གཞི་གཅིག་བྱས།
        མདུན་ཕྱོགས་ནས་སྟེང་གི་བང་རིམ་གསུམ་པའི་བར་ལྷ་ཁང་ཡིན་ལ།གཡས་གཡོན་རྒྱབ་གསུམ་དུ་མ་ཎི་འཁོར་ལོ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ།བུམ་པའི་ནང་ཁང་མིག་ཆེ་ཆུང་དགུ་དང་། སྟེང་འོག་གཉིས་བསྡོམས་པས་ཁང་མིག་ཆེ་ཆུང་བཅོ་བརྒྱད་ཙམ།དེ་དག་གི་ནང་དུ་རྟེན་གྱི་གཙོ་བོ་དུས་གསུམ་སངས་རྒྱས་མི་ཚད་ཙམ་ཁྲི་རྒྱབ་ཡོལ་བཅས། གསེར་ཟངས་ལས་གྲུབ་པའི་གྲུབ་ཆེན་བརྒྱད་ཅུ།རྒྱན་དྲུག་མཆོག་གཉིས་སོགས་ལི་སྐུ་སྣ་ཚོགས་བརྒྱ་ཕྲག་ལྷག་དང་།གཡས་གཡོན་རྣམས་སུ་གནས་རྟེན་བཅུ་དྲུག་དང་། འོད་དཔག་མིད། གདུགས་དཀར། ཕྱག་སྟོང་སྤྱན་སྟོང་། སྨན་བླ། སྒྲོལ་མ་བཅས་ཀྱི་གྱན་ཐང་སོགས་བྱིན་རླབས་ཅན་གྱི་རྟེན་སྣ་མང་པོ་བཞུགས། སྒྱུ་རྩལ་གྱི་ཆ་ནས། མཆོད་རྟེན་གྱི་ཟུར་བཞིར་རྡོ་ལས་བཟོས་པའི་སེང་གེ་གསོན་ཉམས་དང་ལྡན་པ།སྒོ་རྒྱན་གྱི་མཐའ་སྐོར་དུ་བཀྲ་ཤིས་རྟགས་བརྒྱད་དང་རྣམ་བཅུ་དབང་ལྡན་སོགས་སོ་ཕག་ལས་གྲུབ་ཅིང་ལག་རྩལ་ཡང་རྩེར་སོན།ལྷ་ཁང་གི་བརྐོས་རིས་སྣ་ཚོགས་ཤིང་ལས་གྲུབ་པའི་པད་འདབ་དང་བཀྲ་ཤིས་རྟགས་བརྒྱད། གླང་ཆེན། རྨ་བྱ། འབྲུག་རིས། སྤྲིན་རིས་སོགས་བཟོ་རྩལ་འབུར་དུ་ཐོན། མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་ཟླ་དང་བྲལ་བ་མདོ་སྨད་ཀྱི་མཆོད་རྟེན་རྣམས་ལས་ཆེ་ཤོས་ཤིག་ཡིན་ནོ།།
        མཆོད་རྟེན་གྱི་དཀར་ཆག་ང་བརྒྱད་སྐབས་བརླགས་པས་འགོད་རྒྱུ་མ་ཪྙེད་མོད། སྔོན་ཆད་ཀྱི་མཆོད་རྟེན་རྩ་མིད་དུ་མ་གྱུར་ཟེར་བས་རྟེན་སྣ་ལ་བོར་སྟོར་མ་བྱུང་སྙམ་མོ།། རབ་རྒྱལ་ས་ཁྱི་སྟེ་ང་བརྒྱད་དང་རིག་གསར་སྐབས་སུ་ཁྱད་དུ་འཕགས་པའི་མཆོད་རྟེན་འདི་ལའང་ཉམས་ཉེས་ཆེན་པོ་ཐེབས།ཡིན་ནའང་དེང་སྐབས་ཆོས་དད་རང་དབང་གི་བསིལ་རླུང་ཕྱོགས་སུ་རྒྱུ་བ་དང་ཆབས་ཅིག་རབ་རྒྱལ་མི་སྟག་ནས་སླར་གསོ་བྱེད་རྒྱུའི་སྐལ་བ་བྱུང་།།

                         ཁྲི་ཀའི་རིག་གནས་དྲ་བར་བཀོད་པ་ལྟར་བསྒྲིགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1