ས་མཐོའི“ཤ་མོ་ལུག་གྲོད”ཀྱིས་སྡེ་མིའི་ཕྱུག་འདོད་ཀྱི་འདུན་པ་བསྐངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། 04-27



        ཕྱི་མིའི་མིག་ནང་གི་ཤ་མོ་དེ་ཐོན་ལས་ཀྱི་ལམ་ཁར་སྙེག་ན་འཕེལ་རྒྱས་ག་འདྲ་བྱུང་ཐུབ་པ་དང་། ཞིང་ལས་ཚན་རྩལ་ཀུང་སི་ཞིག་གིས་ཞིང་གྲོང་དུ་ལོ་ངོ་བཞིའི་ནང་ལས་དོན་ག་འདྲ་ཞིག་བསྒྲུབ་ཐུབ་ཅེ་ན། ང་ཚོ་རྨ་ཆུའི་འགྲམ་རྒྱུ་དུ་ཆགས་པའི་རང་ཞིང་གི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་རྣང་ཞིང་གྲུ་བཞིའི་ལོགས་སུ་མ་བསྐྱོད་ན་སུས་ཀྱང་འདྲི་ཚིག་འདིའི་ནང་དོན་རྟོགས་ཁག་པོ་ཡིན་སྲིད།
        ཁྲི་ཀ་རྫོང་ནི་རྨ་ཆུ་འབབ་རྒྱུད་ཀྱི་གཤོང་སར་ཆགས་ཤིང་། ཀུན་གྱིས་དེ་ལ“ལྷོ་ཕྱོགས་ཀྱི་གཙང་འགྲམ”ཞེས་པའི་མཚན་སྙན་འབོད་ལ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གི་ཆ་རྐྱེན་ཆེས་བཟང་པའི་རྫོང་གཅིག་པུ་ཡིན། དེ་ལྟ་ན་ཡང་“དབུལ་པོ”ཞེས་པའི་ཐ་སྙད་ཙམ་པོ་མཛེས་སྡུག་གི་ཡུལ་གྲུ་དེའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགག་རྡོ་ལྟ་བུ་གྱུར་མྱོང་།

        འཚར་སྐྱེས་ཁྲོད་ཀྱི་ཤ་མོ་ལུག་གྲོད།
        ཡིན་ན་ཡང་། མཚོ་སྔོན་ཀྲའོ་ཁྲེན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཀུན་ཅུན་ལིན་གྱི་བསམ་པར། སྙིང་རུས་ལྷོད་མེད་བསྐྱེད་ཅིང་། ཡུས་ཀོང་གིས་རི་སྤོས་པའི་སྙིང་སྟོབས་ལྡན་ན། “དབུལ་ཞྭ”འཕུད་མི་ཐུབ་རང་ཐུབ་ཡིན་པའི་བློ་གཟུ་བོར་གནས་ཏེ། ལོ་དུ་མར་རི་སྐྱེས་ཤ་མོ་ལུག་གྲོད་གསོ་ཐབས་ལག་རྩལ་བྱང་ཆུབ་པ་སྦྱངས་ནས་ཁྲི་ཀ་རྫོང་གི་རྨ་ནུབ་གྲོང་རྡལ་གྱི་འབུམ་ཁོ་གྲོང་ཚོར་འདེབས་གསོ་ལས་གྲྭ་བཙུགས། ཞིང་པར་ཕན་ཁེ་བསྐྲུན་རྒྱུ་ངེས་དོན་དུ་ལག་ལེན་བྱ་རྒྱུའི་དམ་ཚིག་ཡིད་བོར་ནས“ཡུལ་མི་སྤུན་ཟླའི་སྣེ་འཁྲིད་དེ་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལས་ལ་བརྩོན ” །

        ཟླ4ཚེས16ཉིན། འབུམ་ཁོ་གྲོང་ཚོའི་མཚོ་སྔོན་ཀྲའོ་ཁྲེན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ནང་དུ་ཤ་མོ་ལུག་གྲོད་སྨིན་པའི་དུས་ལ་སླེབས། ཀུན་ཅུན་ལིན་གྱིས“གཙོ་བོ་འུ་ཅག་གི་ས་ཞིང་འདིའི་དགེ་མཚན་བཀོད་སྤྱོད་ལེགས་པོ་བྱ་ཆེད་ཡིན། ཤ་མོ་ལུག་གྲོད་ལ་མཚོན་ན་ཟས་རིགས་ཐོན་རྫས་ལེགས་ཤོས་སུ་གཏོགས་པ་མ་ཟད། ཁྲོམ་རའི་དཔལ་འབྱོར་ཁེ་ཆེ་ལ་ཡོང་སྒོ་མངོན་གསལ་ཡིན་པས་མདུན་ལྗོངས་ཅུང་ལེགས་ཟེར། 
        ལོ་ངོ་བཞིའི་ཡར་སྔོན་ལ། ཀུན་ཅུན་ལིན་གྱིས་ཡང་ཡང་རྟོག་ཞིབ་དང་ཁྲི་ཀ་རྫོང་གི་ཐུན་མིན་གནམ་གཤིས་དང་ས་གཤིས་ཆ་རྐྱེན་གཉིས་ཟུང་དུ་སྦྲེལ་ནས་འབུམ་ཁོ་གྲོང་ཚོ་ནས་ཞིང་ས་ས་མུའུ700ལྷག་གླས་ཤིང་འདེབས་གསོ་དྲོད་ཁང71བཙུགས་ནས་དེ་གར་ཤ་མོ་ལུག་གྲོད་འདེབས་འཛུགས་བྱས། ཡིན་ན་ཡང་ལག་རྩལ་ལ་བྱང་ཆ་ཆེན་པོ་མེད་སྟབས་ཕན་འབྲས་བཟང་པོ་ཞིག་ལོན་མ་ཐུབ།

        ཕར་བལྟས་ན་ཤ་མོ་ལུག་གྲོད་ཀྱི་བོངས་ཆུང་ན་ཡང་ལུས་ཡོངས་ཚན་རིག་གིས་ཕྱུག་པས་འདེབས་གསོ་དེ་འདྲའི་སླ་མོ་ཞིག་མིན། ལག་རྩལ་མང་པོ་ཞིག་སློབ་དེབ་ནང་དུ་མེད་ལ། ཚད་ལྡན་ཡིག་ཆ་ལས་ཀྱང་རྙེད་ཁག་པོ་རེད། ལྷག་པར་སྲིན་རིགས་དབྱེ་འབྱེད་དང་། སྲིན་ཕུང་གི་མྱུ་གུ་འཚོལ་ལེན་སོགས་རིམ་པ་དེ་དག་ཕྱི་ནད་གཤག་བཅོས་ལྟ་བུའི་རྙོག་འཛིན་ལྡན། “ཆོས་ཉིད་རྟོགས་ན་མགོ་བོ་སྨད་དེ་འཚོལ་ཞིབ་དགོས་ལ། ཉམས་མྱོང་དགོས་ན་སེམས་ལྷོད་ལ་བབས་ནས་སྤྱི་སྡོམ་ལ་འཇོན་དགོས”ཞེས་པའི་དཔེ་ལྟར། ལག་ལེན་ནས་གཞུང་ལུགས། གཞུང་ལུགས་ནས་ལག་ལེན། ཉམས་ཞིབ་ཁང་ནས་རྨོ་ཞིང་དང་རྨོ་ཞིང་ནས་ཉམས་ཞིབ་ཁང་བར་དུ་ཀུན་ཅུན་ལིན་དང་ཁོའི་དཔུང་སྡེ་ཡིས་འདེབས་འཛུགས་ཀྱི་ལེགས་ཐབས་རྙེད་ཅིང་། དེ་འཚམ་གྱི་བཀོད་སྒྲིག་སོགས་གཏན་འཇགས་ཐོན་སྐྱེད་དང་ཐོན་འབབ་བཟང་བའི་ཉམས་མྱོང་བླངས།
        དེ་ལྟར་དཀའ་ཁག་རེ་རེ་ཁྱད་དུ་སེལ་བ་དང་བསྟུན་ནས། ཤ་མོ་ལུག་གྲོད་འདེབས་འཛུགས་ཀྱི་ལག་རྩལ་ལ་ཡར་སྐྱེད་ཆེན་པོ་བྱུང་ཞིང་། ཀུན་ཅུན་ལིན་གྱི་ཡུལ་མི་འཕེལ་རྒྱས་ལ་སྐུལ་འཁྲིད་བྱེད་པའི་སེམས་ཤུགས་ཡང་ཇེ་ཆེར་གྱུར། གྲོང་མི་ལས་ཞུགས་དང་འདེབས་འཛུགས་ལག་རྩལ་ལ་སློབ་སྦྱོང་བྱེད་པ་དང་། ས་ཞིང་འཁོར་རྒྱུག་ལ་བརྟེན་ནས་ཆེད་ལས་མཉམ་ལས་ཁང་བཙུགས་པ་བཅས “ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་ཁྱིམ”ཟུང་འབྲེལ་གྱི་འཕེལ་རྒྱས་བསམ་ཕྱོགས་ཤིག་ཀུན་ཅུན་ལིན་གྱི་ཡིད་ལ་འཆར།
འབུམ་ཁོ་གྲོང་ཚོ་ནི་རྨ་ཆུའི་འགྲམ་དང་ལེ་དབར20མི་ལོན་པའི་སར་ཆགས་ཤིང་། རྨ་ཆུ་ལ་བརྟེན་ནས་གྲོང་ཚོ་འདི་ཕྱུག་པོར་འགྱུར་ཐུབ་མེད། ཚུལ་དེ་གྲོང་མི་ཀྲང་ཧྲུའུ་ཆིང་ལ་མྱོང་ཚོར་ཟབ་མོ་ཡོད། ཁོ་ད་ལོ་ལོ58ཡིན་ཞིང་། 2016ལོའི་ཡར་སྔོན་དུ་ཞིང་ལས་ཁོ་ན་གཉེར་གྱི་ཡོད་པས། ཡོང་འབབ་ལྷག་མ་དག་ལོ་རེའི་ཁོམ་གསེང་གི་སྐབས་ཕྱིར་ཞོར་ལས་ཀྱི་ཡོང་འབབ་དེ་ཡིན། ཞིང་ས་ས་མུའུ13ཡོད་པ་དེས་བཟའ་མི་གང་པོའི་ལྟོ་རྒྱབ་གསོ་ཐུབ་ཙམ་ཡིན་རེད།
        2016ལོར། ཀྲང་ཧྲུའུ་ཆིང་གིས་མི་ཚེའི་ལམ་ཁ་བསྒྱུར་བའི་དཀྱོགས་མཚམས་ཤིག་བསུས། ཀྲའོ་ཁྲེན་ཞིང་ལས་ཀུང་སི་འབུམ་ཁོ་གྲོང་ཚོར་གཞི་ཚུགས་རྗེས། ཁོ་ལ་ལས་ཀ་གཏན་འཇགས་ཤིག་ཐོབ། ད་ལྟ་ཁོ་ནི་ཀུང་སིའི་ཐོན་སྐྱེད་བཟོ་གྲྭའི་འགོ་བ་གཞོན་པ་ཡིན་ཞིང་། ཟླ་རེར་སྒོར4000ཡས་མས་ཀྱི་ཕོགས་དངུལ་དང་། ལས་ཕྱོད་བྱ་དགའ་རེ་ཐོབ་ཀྱི་ཡོད་ལ། 2019ལོར་ཡོང་འབབ་སྒོར་ཁྲི6ལྷག་ལ་བསླེབས།
        ཀྲང་ཧྲའུ་ཆིང་མ་གཏོགས་ད་དུང་ལོ56ལ་སོན་པའི་དབུལ་ཚང་འཕགས་ལོ་ཐར་གྱི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་། ཆུང་དུས་ནས་སྦྲིད་ནད་ཕོག་ཏེ་དབང་སྐྱོན་དུ་གྱུར་བའི་ཁོ་ལ་ཞིང་ས་ས་མུའུ12ལས་མེད་ལ། ཞིང་ས་དེ་ལ་བརྟེན་ནས་བཟའ་མི་གསུམ་གྱི་ལྟོ་རྒྱབ་གནད་དོན་ཐག་གཅོད་ཀྱི་ཡོད། ཕྱིས་ཀྲའོ་ཁྲེན་ཞིང་ལས་བཟོ་གྲྭའི་སྒོ་སྲུང་དུ་གྱུར་ནས་ཟླ་རེར་ཡོང་འབབ་ཧ་ལམ་སྒོར3000རེ་རེག་ཐུབ་པ་རེད།
        ལོ་ངོ་བཞིའི་ནང་དུ། ཤ་མོ་ལུག་གྲོད་འབུམ་ཁོ་གྲོང་ཚོ་ནས་གཉོམ་ལག་རྒྱས་ཏེ་ཡུལ་དེའི་ཞིང་པ་མང་ཚོགས་ཀྱི་ཡིད་ཆེས་དང་རེ་བར་གྱུར། ཡིད་ཆེས་དང་རེ་བ་ནི་ས་ཞིང་འཁོར་རྒྱུག་ལས་བྱུང་ལ། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ལས་བྱུང་བ་རེད། ཚུལ་དེར་འབུམ་ཁོ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཀུན་བཟང་ལ་བཤད་རིན་གྱི་སྐད་ཆ་ཡོད། གྲོང་མིས་ས་ཞིང་རྣམས་ཀུང་སི་ལ་གླས་རྗེས་ལོ་རེར་གླ་དངུལ་སྒོར་ཁྲི་ལ་ཉེ་བའི་ཡོང་འབབ་ཡོད་པས་ང་ཚོའི་ན་གཞོན་ངལ་རྩོལ་བ་ཕྱིར་བསྐྱོད་དེ་ལས་ཀ་གཉེར་བར་སྟབས་བདེར་བཟོས་ལ། ཤུལ་གྱི་ཁྱིམ་མིས་ཡང་ཀུང་སི་ནས་ཞོར་ལས་ཙག་ཙིག་གཉེར་ནས་ཡོང་འབབ་ཉུང་ངུ་རེ་ལེན་ཐུབ་ཟེར།
        ཀུན་ཅུན་ལིན་གྱིས་གསར་འགོད་པར། བཟོ་གྲྭས་ལོ་རེར་ཧ་ལམ་མི200གླ་བཞིན་ཡོད། དེའི་ནང་དབུལ་པོའི་བྱང་བུ་ཐོགས་མཁན་གྱི་ཁྱིམ་ཚང་ཡོད་ལ། དབང་སྐྱོན་ཡང་ཡོད་པས་གླ་ཕོགས་སྤྱི་འབོར་ཧ་ལམ་སྒོར་ཁྲི300གཏང་དགོས་ཀྱི་ཡོད།
        ཤ་མོ་ལུག་གྲོད་བཏབས་པའི་དྲོད་ཁང་དུ་སོང་བ་ན། ཆེ་ཆུང་རགས་ཞིབ་གཅིག་ལ་གཅིག་བརྟེན་གྱི་སྐྱེས་མཚར་རྒོད་པའི་ཤ་མོ་ལུག་གྲོད་རྣམས་ཞིང་ས་གཤིན་པོའི་ཕུང་དུ་ངང་གིས་གཏིམས། ཆེ་བ་རྣམས་མཐོ་ཚད་ལི་སྨི15ཡོད་ཅིང་ཆེ་ཆུང་ལག་མཐིལ་ཙམ་དང་། དབྱིབས་ལུག་གྲོད་དང་འདྲ་ལ། རྩེ་མོ་ཆར་གདུགས་བཞིན་མིག་ལ་ཤིན་ཏུ་མཛེས།
        ད་སྔ་ཀྲའོ་ཁྲེན་ཞིང་ལས་ཀྱི་ས་མཐོའི་ཤ་མོ་ལུག་གྲོད་ཡིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་གི་གནམ་གཤིས་ལ་གཞི་བཅོལ་ཏེ། ཐོན་རྫས་ཀྱི་ཁྲོམ་རའི་དགེ་མཚན་མངོན་དུ་ཕྱུང་ནས་སྙན་གྲགས་ངེས་ཅན་ཡོད་ལ། ཉོ་ཚོང་གི་གྲོས་མོལ་བྱེད་མཁན་དང་གྲོས་ཆིངས་འཇོག་མཁན་གྱི་དྲ་ལམ་ཚོང་བ་ཡང་མང་པོ་བྱུང་ནས་མིས་བཟོས་འདེབས་འཛུགས་ཀྱི་གཞི་ཁྱོན་ཅན་དང་།ཐོན་ལས་ཅན། ཚན་རྩལ་ཅན། ཆ་འཕྲིན་ཅན་མངོན་འགྱུར་བྱུང་།

        ཀུན་ཅུན་ལིན་གྱིས། ཤ་མོ་ལུག་གྲོད་དེ་སྐྱེས་པ་ནས་སྨིན་པའི་བར་ཉིན150དགོས། ལོ་གཅིག་ནང་དུས་ཚིགས་གཅིག་གམ་གཉིས་ཙམ་ཡོད་ཀྱང་ཕྱི་མ་དེ་སྤུས་མི་བཟང་བས་འཚོང་ཁག་པོ་ཡིན་ཟེར། གཙོ་བོ་པེ་ཅིང་དང་ཧྲང་ཧའེ་སོགས་ལ་དྲ་ཐོག་ནས་འཚོང་གི་ཡོད། གཞན་སྲོ་སྐམ་འཕྲུལ་ཆས་བཀོལ་ནས་སྐམ་པ་ཡིན། སྐམ་པོའི་རིན་གོང་རྒྱ་མ་རེར་སྒོར་སྟོང་རེ་ལ་བཙོང་ཐུབ་ཀྱང་ཁྲོམ་རའི་དགོས་མཁོ་སྔར་བཞིན་བསྐངས་ཐུབ་ཀྱི་མེད་ལ། ལོ་རེའི་ཁེ་འབབ་བཟང་ཡང་རྒྱ་སྐྱེད་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཟེར།
        དེ་ལྟར་ཐེ་ཚོམ་གྱི་ངང་ན་ཡོད་པའི་སྐབས། ས་གནས་སྲིད་གཞུང་གིས་ཁོ་ལ“མདུན་སྐྱོད་ཀྱི་གོམ་ཤུགས”བསྩལ།
        ཁྲི་ཀ་རྫོང་གི་རྫོང་དཔོན་གཞོན་པ་མཱ་ཀྲི་མིན་གྱིས། ལྕགས་རྡུང་བར་ཐོ་བ་སྲ་དགོས་ཞེས་པའི་དཔེ་ལྟར། ཁེ་ལས་ཡིན་ན་ས་གནས་ནས་རྐང་ཚུགས་ཐུབ་མིན་དེ་ཡུལ་མིས་རྒྱབ་སྐྱོར་བྱེད་མིན་ལ་ཐུག་ཡོད། ཀྲའོ་ཁྲེན་ཞིང་ལས་ནི་ཁྲི་ཀའི་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན་ཐུབ་པར་མ་ཟད། འཕེལ་རྒྱས་གཞི་ཁྱོན་ཡང་དགའ་འོས་པ་ཆགས་ཡོད། ལྷག་པར་ཚན་ཞིབ་ལ་དང་དོད་བྱས་པ་བཟང་བས། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རེ་བ་ཆེན་པོ་ཡོད་པས་སྲིད་གཞུང་ནས་ཐོན་ལས་འདི་ལྟ་བུ་ལ་རྒྱབ་སྐྱོར་མི་བྱེད་རང་བྱེད་ཡིན་ཟེར།
        ལོ་ངོ་བཞིའི་ནང་དུ། ཀྲའོ་ཁྲེང་ཞིང་ལས་ཀུང་སིའི་ལས་བཟོ་པས་ཁྲི་ཀའི་རྨོ་ཞིང་ལ་བརྟེན་ནས་ཤ་མོ་ལུག་གྲོད་ཀྱི་འདེབས་གསོ་གཞི་ཁྱོན་ཅན་མངོན་འགྱུར་བྱུང་ནས་ས་གནས་ཀྱི་དཔལ་འབྱོར་དང་གྲོང་ཚོ་ཕྱུག་འགྱུར་ལ་ཕན་ཁེ་མང་པོ་བསྐྲུན། ཀུན་ཅུན་ལིན་གྱིས་ཀྱང་ཕྱིས་འབྱུང་ཁེ་ལས་གོང་སྤེལ་བྱ་ན་ལུང་ཁོག་གཅིག་དང་ས་ཆ་གཅིག་ལ་ཤུགས་རྐྱེན་ཐུབ་པ་ཞིག་བཟོ་དགོས་པ་མ་ཟད།ཤ་མོ་ལུག་གྲོད་དེ་ཁྲི་ཀ་རྫོང་གི་ཞིང་ལས་ཕྱོགས་ཀྱི་གསར་དར་ཐོན་རྫས་ཐོན་ལས་ཀྱི་ལམ་ཁར་ཕྱོགས་དགོས་པ་སེམས་ཐག་བཅད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1