གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༧ཉིན།

འདབ་པའི་འཕོ་འགྱུར།

     ནམ་མཁའ་སྔོ་ཞིང་དྭངས་ལ། དཔྱིད་ཀའི་ཉམས་འགྱུར་གྱིས་ལུང་ཤུར་གྱི་ཚོན་མདོག་རྣམ་པར་བཀྲ་བར་གྱུར། སྤྲིན་ཚོགས་མུ་མཐའ་མེད་པའི་སྦྱར་པའི་ཚལ་གྱི་ཕྱོགས་སུ་ལྷབ་ལྷུབ་ཏུ་རྒྱུ་ཞིང་། བགྲང་ལས་འདས་པའི་རི་སྐྱེས་སྲོག་ཆགས་དེའི་ཁྲོད་རང་དགར་རྒྱུག་བཞིན་མཆིས། སྔོ་ཐིང་ཐིང་གི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་དུ་སྐྱོད་པས་ན། མིག་ལམ་དུ་ཤར་བ་ནི་སྣུམ་ཚོན་རི་མོ་ལྟ་བུའི་མཛེས་སྡུག་ལྡན་པའི་ཁོར་ཡུག་ནང་ཞི་མཐུན་ངང་གནས་པ་བཞིན་ཡོད།

     འདབ་པ་རྫོང་བྱང་ཤམ་བྷ་ལ་གྲོང་རྡལ་རིང་གྲོང་ཚོའི་ལོ་57ལ་སླེབས་པའི་གྲོང་མི་ཐང་གྲགས་བསམ་གཏན་དགའ་སྤྲོའི་ངང་ལི་མེ་ཏོག་རབ་ཏུ་བཞད་པའི་སྡོང་པོའི་འོག་བསྡད་དེ་ཞིམ་མངར་ལྡན་པའི་ཇ་བསྲུབས་མ་འཐུང་བཞིན་མཆིས། ཁོང་གིས་གསར་འགོད་པར་འོས་འགན་ཤིང་འཛུགས་ནི་གྲོང་ཚོ་དེའི་ལོ་ལྟར་གྱི་བྱེད་སྒོ་ཞིག་ཡིན་ལ། སྔོ་འགྱུར་བྱ་རྒྱུ་ཡིན་པ་ཐོས་མ་ཐག་གྲོང་མི་དུད་ཚང་90ལྷག་ཙམ་ཚང་མས་དེའི་ནང་ཞུགས་ཀྱི་ཡོད་པ་རེད་ཅེས་བརྗོད།


    ཐང་གྲགས་བསམ་གཏན་གྱིས་དུས་རབས་ཉི་ཤུ་པར་ས་ཞིང་ཉུང་བའི་དབང་གིས་གྲོང་མི་ཚོས་སྟ་རེ་ཁྱེར་ནས་གང་སར་ཤིང་བཅད་ནས་ས་སྦོལ་བྱས་པས་མཐར་ས་ཆུ་ཚབས་ཆེན་ཤོར་ནས་བྱེ་རྡུལ་གང་སར་ཁྱབ་པ་རེད། ལོ་ལྟར་དབྱར་ཁར་འདམ་རྡོའི་ཆུ་རུད་ཐོན་སྲིད་པས་གྲོང་མི་ཚོས་ཉིན་ལྟར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་རྗེས་མི་རྣམས་ཀྱིས་སྟ་རེ་བཞག་ནས་འཇོར་བཟུང་སྟེ་སྡོང་པོ་བཙུགས་པས་སྣོད་བཅུད་རིམ་བཞིན་སླར་གསོ་ཐུབ་ཡོད། “ལོ་འདི་དག་རིང་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པས་ཚང་མས་ལམ་ཁྲིད་པ་བྱེད་པ་དང་། གྲོང་མིའི་སྡོད་ཁང་གི་ཞག་སྡོད་ཁང་གཉེར་བས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་མ་ཟད་ཁོར་ཡུག་ལ་སྲུང་སྐྱོང་དང་གཅེས་སྤྲས་བྱེད་པའི་གལ་ཆེའི་རང་བཞིན་སྔར་བས་ཤེས་རྟོགས་ཐུབ་ཡོད།

     འདབ་པ་རྫོང་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་གཞུང་དོན་ཁང་གི་ཀྲུའུ་རེན་ཞ་ཁྲོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་མི་ཚང་མ་ཞུགས་དགོས་པ་དང་ཁོང་ཚོས་རྟག་ཏུ་དྲིལ་བསྒྲགས་གློག་བརྙན་བསྟན་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས། ཁྲིམས་བསྟར་དཔེ་མཚོན་དང་ཁྲིམས་བསྟར་བྱེད་སྒོ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་གི་ཡོད་ཅེས་བཤད་པ་རེད།


     འདབ་པ་རྫོང་བྱང་ཤམ་བྷ་ལ་གྲོང་རྡལ་ལྷ་མོ་སྐེད་གྲོང་ཚོར་གཏམ་རྒྱུད་ཅིག་དར་ཁྱབ་བྱུང་ཞིང་། སྔོན་ཆད་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་པོ་མེད་པའི་སྐབས་གྲོང་ཚོའི་ནང་ཡོད་པའི་ལོ་བརྒྱ་ཙམ་སོང་བའི་ཆིང་ཀང་ལྗོན་ཤིང་ཞིག་བཅད་ནས་ས་སྦོལ་བྱ་་རྩིས་བྱས་ཡོད། མཐར་མེ་སྒྱོགས་བརྒྱབ་ཀྱང་ཆིང་ཀང་ལྗོན་ཤིང་དེ་གཏོར་མ་ཐུབ་པར་སྡོང་རྩར་ཨི་ཁུང་ཆུང་ཞིག་བཟོས་པ་ལས་གང་ཡང་བྱས་མེད། དེ་རིང་ལྗོན་ཤིང་འདི་སྔར་བཞིན་གྲོང་ཚོའི་ནང་སྐྱེས་ནས་ཡོད་པ་དང་། གྲོང་མི་རྣམས་ཀྱིས་དེའི་གསོན་ཤུགས་ལ་དད་གུས་བྱས་པས། གཉེན་སྒྲིག་བྱེད་མཁན་ཕོ་གསར་མོ་གསར་ཚོས་ཀྱང་སྡོང་པོའི་མདུན་དུ་གཉེན་སྒྲིག་གི་པར་རྒྱག་པར་ཡོང་གི་ཡོད།

     “སྣོད་བཅུད་མཛེས་ལྗོངས་ནི་ང་ཚོའི་འདབ་པའི་ཡུལ་སྐོར་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན”ཞེས་འདབ་པ་རྫོང་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཚེ་སྒྲོན་གྱིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་འདབ་པ་རྫོང་གིས་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་10དང་། རི་རྒྱ་བསྡམས་ནས་ནགས་གསོ་མུའུ་5000 མེ་ཏོག་སྣ་ཚོགས་་ཁྲི་10གསོས་པ། མེ་ཏོག་གི་མཚོ་མུའུ་3800སྐྲུན་པ། ཁམ་བུའི་མེ་ཏོག་གི་ལུང་ཤུར་མུའུ་5000བཅས་སྐྲུན་ཡོད་པ་རེད། འབྱུང་འགྱུར་ཡུལ་དེས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གོམ་སྟབས་མུ་མཐུད་མགྱོགས་སུ་བཏང་ནས་འདབ་པ་དེ་གནམ་སྔོན་པོ་དང་། སྤྲིན་དཀར་པོ། རི་ལྗང་གུ། ཆུ་དྭངས་མ། མེ་ཏོག་གིས་ཁེངས་པ་བཅས་ཀྱི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་བསྐྲུན་རྒྱུ་རེད།


     ཁྲོན་ནུབ་མཐོ་སྒང་དུ“རི་རྩེར་ཞྭ་མོ་གྱོན། རི་སྐེད་དུ་སྒོར་མོ་བཙལ། རི་འདབས་སུ་ཕོ་བ་རྒྱགས”ཞེས་པའི་གཏམ་དཔེ་ཞིག་ཁྱབ་ཡོད། སྐད་ཆ་དེས་ས་གནས་དེ་གའི་ལངས་གཟུགས་ཀྱི་སྣོད་བཅུད་འཕེལ་རྒྱས་ཀྱི་རྣམ་པ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། སྣོད་བཅུད་དམངས་ཕན་གྱི་རྣམ་པ་གསར་པ་གསར་གཏོད་བྱས་པ་བརྒྱུད། ཉི་སྟེང་གྲོང་ཚོ་སོགས་དེ་སྔོན་རྫོང་ཡོངས་ཀྱི་ཆེས་རྗེས་ལུས་ཡིན་པའི་གྲོང་ཚོ་ཁག་གཅིག་རྫོང་ཁོངས་ཀྱི་གྲོང་ཚོ་ཕྱུག་ཤོས་སུ་གྱུར་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་གྱིས་གྲོང་མི་ཚོའི“དངུལ་ཁུག”རྒྱགས་པ་བཟོས་ཡོད། འདབ་པ་རྫོང་བྱང་ཤམ་བྷ་ལ་གྲོང་རྡལ་དགའ་དབྱངས་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་དབང་མོས་རང་ཁྱིམ་གྱི་ཐོག་སོ་བཞི་ཡོད་པའི་ཁང་པ་རྙིང་པ་དེ་ཚོང་དུད་ལ་ཁང་གླ་བཏང་ནས་ཁང་པ་རྙིང་པ་དེ་གྲོང་མིའི་སྡོད་ཁང་གི་ཞག་སྡོད་ཁང་རྩེ་གྲ་ཞིག་ཏུ་སྒྱུར་བཟོ་བྱས་རྗེས་ཚོང་ཡག་པོ་བྱུང་བ་མ་ཟད། བཀྲ་ཤིས་དབང་མོར་ལོ་ལྟར་ཁང་གླ་་སྒོར་ཁྲི་50རག་གི་ཡོད། “ང་ཚོས་ཕ་ཡུལ་གྱི་ལྗོན་ཤིང་རེ་རེར་གཅེས་སྤྲས་ལྡབ་བརྒྱ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་སྣོད་བཅུད་མཛེས་ལྗོངས་ནི་ང་ཚོའི་གསེར་རི་དངུལ་རི་ཡིན”ཞེས་བརྗོད་པ་རེད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1