༄༅།།ཁྲི་ཀའི་ཡུལ་བསྟོད།

རིན་ཆེན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-27


རིན་ཆེན་ཕུན་ཚོགས།

  ཡ། ད་ལྷོ་འཛམ་བུ་གླིང་གི་ས་ཆ།
  འོད་གསལ་ལྷ་ལས་བབས་པའི་ཞིང་ས།
  ཆོས་མདོ་སྔགས་གཉིས་ཀའི་བསྟན་པ་དར་ས།
  ལས་དགེ་སྡིག་གཉིས་ཀའི་སྤང་བླང་ཤེས་ས།
  མི་རྒན་གཞོན་གཉིས་ཀས་མ་ཎི་འདོན་ས།
  ཆོས་འཇིག་རྟེན་གཉིས་ཀའི་བྱ་བ་སྒྲུབ་ས།
  ཤིང་ཙན་དན་གྱི་ལོ་འདབ་རྒྱས་ས།
  ཡ་རབས་ཀྱི་གཞི་འཛིན་ཚོགས་ས།
  བུ་དཔའ་བོའི་དཔའ་སྐད་འཐེན་ས།
  མི་བཙན་པོའི་ཁྲིམས་ཁ་བཅའ་ས།
  ཡར་བལྟས་ན་ལྷ་ཡི་གནས་རིག་ས།
  མར་བལྟས་ན་སྲིན་པོའི་ཡུལ་མཐོང་ས།
  ལྷ་ཁང་གསེར་ཁང་རི་རབ་བརྩིགས་བརྩིགས།
  སྐུ་གསུང་ཐུགས་རྟེན་བྲག་རི་ཉིལ་ཉིལ།
  གྲྭ་ས་སྒྲུབ་སྡེ་རྒྱ་མཚོ་འཁྱིལ་འཁྱིལ།
  ལྷ་རིགས་རྟེན་བཞེངས་ཉི་ཟླ་ཤར་ཤར།
  སྟོད་ན་ནག་རི་སྤང་རི་སྐྱེས་ཡག་ས།
  བར་ན་ཆབ་རྒྱུན་སྔོན་མོ་བཞུར་ཡག་ས།
  འདབས་ན་གཡང་སྡེ་ཁྲ་མོ་གོར་ཀྱིགས་སེ།
  རྒན་ལོ་ལོན་ཚེ་ཐག་རིང་ས།
  གཞོན་བྱིས་པ་གཉོམ་ལག་རྒྱས་ས།
  ཡར་དཀོན་མཆོག་ལ་དད་པ་ཆེ་ས།
  མར་དབུལ་ཕོངས་ལ་སྦྱིན་པ་གཏོང་ས།
  སྐྱིད་ཀྱི་ཉི་མ་ཤར་ཐག་རིང་ས།
  སྡུག་གི་མུན་པ་འཐིབས་ཡུན་ཐུང་ས།
  སྙན་ལྷང་ལྷང་ཁུ་བྱུག་གྲགས་ས།
  ཆོས་ལྷང་ལྷང་མ་ཎི་འདོན་ས།
  དགའ་ལྷང་ལྷང་རྩེ་དགའ་རོལ་ས།
  གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་གདུགས་ཕུབ་པའི་མངའ་འོག
  ས་པདྨ་འདབ་བརྒྱད་ཀྱི་གདན་བཏིངས་པའི་དཀྱིལ་དབུས་སུ་གྱུར་པའི་ཁྲི་ཀ་ས་ཆ་འདི་ལ་བསྟོད་པ་རྣམ་གསུམ་རེ་བྱས་ན།
  ཡ་ད། ཁྲི་ཀ་གསེར་སྨུག་ལྗོངས་ཀྱི་ཤར་ཕྱོགས་ན་བཞུགས་ནས།
  རྡོ་གཡའ་མ་སྔོན་མོའི་ཁྲི་སྟེང་ན་བཞུགས་ནས།
  རྒྱབ་གཡུ་མདོག་ཅན་གྱི་ན་བཟའ་མནབས་ནས།
  འཇའ་དར་ཚོན་སྣ་ལྔའི་སྐེ་རགས་བཅིངས་ནས།
  སྤྲིན་དཀར་དམར་གཉིས་ཀའི་ཞྭ་མོ་མནབས་ནས།
  དགུང་ཉི་ཟླ་གཉིས་ཀ་ཏོག་ལ་སྤྲད་ནས།
  འདིའི་རྫ་མགོ་ཡག་པ་ནགས་ཀྱིས་བཟུང་ནས།
  རྫ་སྐེད་ཡག་པ་ཕྱུགས་ཀྱིས་བཟུང་ནས།
  རྫ་འདབས་ཡག་པ་ཞིང་གིས་བཟུང་ནས།
  ཞགས་ནག་གཡས་ལ་བཟུང་ནས།
  དར་མདུང་གཡོན་ལ་བཟུང་ནས།
  རྟ་ངང་བའི་བཅིབས་པ་བཅིབས་ནོ།
  ས་བརྒྱད་པ་དབང་ལ་སྡུད་ནོ།
  ངའི་ཨ་ཁུའི་བླ་རི་སྨུག་པོ།
  སྲིན་རྒན་པདྨ་དབང་རྒྱལ་འདི་ཚོ་ཡང་དང་བསྐྱར་དུ་མཆོད་ཅིང་བཀུར་དགོས་ཟེར་གི།
  ཡ་ད། ལྷོ་ཕྱོགས་ན་བཞུགས་པའི་ཨ་མྱེས་བྲག་དཀར་འདི་ཚོ།
  རི་རྩེ་མོ་དགུང་སྔོན་གནམ་ལ་ཟུག་འདྲ།
  གངས་དཀར་པོའི་བང་རིམ་བརྩིགས་འདྲ།
  སོག་པོ་གྱ་ལ་ཅན་གྱི་གྱ་ལ་གཅོད་ནོ།
  སོག་མོ་རྣ་ཏོག་ཅན་གྱི་རྣ་ཏོག་བཏོག་ནོ།
  ཨ་མྱེས་བྲག་དཀར་དགེ་བཤེས་བསྟན་འཛིན་གྱི་བུ་ཆེ་བ་རབ་བརྟན་ཐོགས་མིད།
  བུ་འབྲིང་བ་བཀྲ་ཤིས་དོན་གྲུབ།
  བུ་ཆུང་བ་དཀོན་མཆོག་འཇིགས་མིད་བྲག་དཀར་སྤུན་གསུམ་པོ།
  རང་ས་རང་ཡུལ་གྱི་ཕ་རིང་བུ་རིང་།
  མི་རིང་ལ་མི་རྒྱུད། ཕ་མ་བཞིན་དུ་བཀུར་རེ་སོང་ན།
  བུ་ཕྲུག་བཞིན་དུ་སྐྱོང་ངེ་འདུག་ནོ།
  བྱང་ཕྱོགས་ན་བཞུགས་པའི་ཨ་མྱེས་རྒོད་རྩེ་འདི་ཚོ།
  རྒོད་རྩེ་དགྲ་འདུལ་དབང་ཕྱུག་རྒྱལ་པོ།
  ཟོ་དོར་དགྲ་ལྷའི་གསེར་མཁར་བཞེངས་འདྲ།
  ལྷ་ཕྲུག་སྟོང་གི་དམག་དཔོན།
  རི་རྩེ་མོ་དགུང་སྔོན་གནམ་ལ་ཟུག་འདྲ།
  སེང་གེ་བརྒྱ་ཡི་བླ་རི།
  སྟག་དར་མ་བརྒྱ་ཡི་རྒྱུག་ལམ།
  འབྲོང་དར་མ་བརྒྱ་ཡི་འགྱིང་ལམ།
  འབྲུག་ཕོ་ཆུང་བརྒྱ་ཡི་འབྲུག་དོང་།
  ཕྱག་ན་དུག་སྡོང་ནག་པོ།
  དགྲ་ཉེས་ཆེན་སྲོག་གི་འཛེར་མ།
  རྟ་དཀར་པོ་རླུང་གི་གཤོག་པ་ཅན།
  དགྲ་འདུལ་རྒྱལ་པོའི་དབང་པོ།
  ནང་བུ་རྟའི་ཁ་འཛིན་བྱེད་མཁན།
  གནམ་ས་ཁ་ལོ་བརྗེ་གི།
  རི་རབ་མགོ་གཞུག་བརྗེ་གི།
  ཉི་ཟླ་ཆ་ལང་རྡེབ་རྡེབ་བྱེད་ནི་ཞིག་ཡོད་ནོ།
  རྒོད་རྩེ་དགྲ་འདུལ་དབང་ཕྱུག་རྒྱལ་པོ་ཁྱོད་ཡིན་ཟེར་གི།
  ནུབ་ཕྱོགས་ཀྱི་འབའ་ཙེ་དཀར་པོ་འདི་ཚོ།
  ཁྱུང་ཆེན་གྱི་རྭ་བར་ནོར་བུས་བརྒྱན་འདྲ།

  གཡུ་རིན་ཆེན་སྣ་ལྔའི་མཎྜལ་ཕུལ་འདྲ།
  ཡན་ལག་བརྒྱད་ལྡན་རྨ་ཀླུང་རིང་མོ་འདི་ཚོ།
  རིན་ཆེན་གྱི་མུ་ཏིག་བསྟར་ལ་བརྒྱུས་འདྲ།
  དར་དཀར་པོའི་ཡོལ་བ་གཞུང་ལ་འཐེན་འདྲ།
  འབའ་ཙེ་དཀར་པོའི་མཐོངས་འོག་ན་བཞུགས་ནས།
  རྨ་ཆུ་སྔོན་མོའི་རབ་ཁ་ན་བཞུགས་ནས།
  ཕ་བོང་དཀར་པོའི་ཁྲི་ཐོག་ན་བཞུགས་ནས།
  ཁྲི་ཀའི་ཤན་འབུམ་གྱི་ཨ་མྱེས་ཡུལ་ལྷ།
  གཡས་ན་ཤན་པ་ཙི་ཐུང་བཞུགས་ནས།
  བསང་དར་འགྱིང་བ་ཁྲག་ལ་དགའ་བ།
  གཡོན་ན་ཤན་པ་རྭ་མགོ་བཞུགས་ནས།
  དར་ཚར་མངར་བ་ཕྱུགས་ལ་དགའ་བ།
  དྲེལ་དཀར་གྱི་བཅིབ་པ་བཅིབས་ནས།
  རླུང་དཀར་གྱི་གཤོག་པ་ཐོགས་ནས།
  གོས་མང་ནག་གི་ན་བཟའ་མནབས་ནས།
  ར་རོག་རོག་གི་ཤ་ཁྲག་བཞེས་ནས།
  རྒྱ་གོང་མ་ཞིང་ས་བཅོ་བརྒྱད་ཀྱི་བདག་པོ།
  འཁོར་དམག་མི་རལ་བ་དུང་ཕྱུར་གྱི་བདག་པོ།
  བོད་རྒྱ་ནག་གཉིས་ལ་ཉིས་སྐོར་རྒྱག་ནོ།
  འཇམ་དབྱངས་ནག་པོ་དུག་གི་སྤྲུལ་བ།
  ས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་འདི་ཚོ་ཡང་དང་བསྐྱར་དུ་མཆོད་ཅིང་བཀུར་དགོས་ཟེར་གི
  ཡ། མདོ་སྨད་སྐྱིད་པའི་ཞིང་ཁམས་།
  ཀུན་སྨོན་གཡང་གི་ར་བ།
  ཁྲི་ཀ་གསེར་སྨུག་རྫོང་གསུམ་ནས།
  ངས་འགྱུར་བ་མིད་པའི་རྟེན་གསུམ་མཆོད་ན།
  རྟེན་དང་པོ་ཤཱཀྱ་མུ་ནེ་མཆོད།
  གཉིས་པ་བྱམས་པ་ཆུ་གཟིགས་མཆོད།
  གསུམ་པ་མི་ཉག་མཆོད་རྟེན་མཆོད།
  གནས་ཡ་མཚན་ཐུགས་རྗེ་ཆེན་པོ་མཆོད།
  རྟེན་འགངས་ཆེན་མ་ཎི་ཆུ་འཁོར་མཆོད།
  ཕྱོགས་ཀུན་ཏུ་བཞེངས་པའི་དགོན་སྡེ་མཆོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1