༄༅།།མཚོ་བོད་ས་མཐོའི་སྟེང་གི་དགོན་སྡེ་སོགས་ཨར་སྐྲུན་གྱི་ཚོན་མདོག་དཀར་པོ་དང་དམར་པོ་ཡིན་པའི་རྒྱུ་མཚན་ངོ་སྤྲོད།

མི་ཉག་ཆོས་ཀྱི་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ནང་བསྟན། སྤེལ་དུས། 04-28



མི་ཉག་ཆོས་ཀྱི་རྒྱལ་མཚན།
         བོད་ལུགས་ཨར་སྐྲུན་དཀར་དམར་ཚོས་མདོག་གཉིས། བོད་པའི་འཚོ་བ་དཀར་དམར་གཉིས་ལ་བརྟེན། ཞི་རྒྱས་དབང་དྲག་དཀར་དམར་གཉིས་སུ་འདུས། འཇིག་རྟེན་དགེ་སྡིག་དཀར་དམར་གཉིས་ཀྱིས་དབྱེ།
         བོད་ལུགས་ཨར་སྐྲུན་ལ་དམིགས་བསལ་གྱི་སྲོལ་རྒྱུན་ཡོད་པ་མ་ཟད། ཚོས་མདོག་བེད་སྤྱོད་བྱེད་སྟངས་ཐད་མངོན་གསལ་དོད་པོའི་ཁྱད་ཆོས་ལྔན་ཡོད། བོན་ལུགས་ཨར་སྐྲུན་གྱི་ཕྱི་རྩིག་གི་ཚོས་མདོག་གཞི་རྩའི་ཐོག་ནས་དཀར་དམར་གཉིས་སུ་དབྱེ་ཆོག ཚོས་མདོག་དཀར་པོ་བེད་སྤྱོད་རྒྱུ་རྒྱ་ཁྱབ་ཆེ་ཞིང་། ཕོ་བྲང་ངམ་དགོན་པ། ཡང་ན་དམངས་ཁྲོད་ཀྱི་སྡོད་ལང་སོགས་གང་སར་བེད་སྤྱོད་གཏོང་གི་ཡོད། ཚོས་མདོག་དམར་པོ་བེད་སྤྱོད་སྐབས་གཟབ་ནན་ཚེ་ཙམ་བྱེད་དགོས་པ་དང་སྤྱིར་བཏང་དགོན་པ་ཁག་གི་སྲུང་མའི་མགོན་ཁང་། སྐུ་གདུང་ཁང་དང་། ཡང་ན་ལྷ་བཙན་གྱི་རྟེན་མཁར་སོགས་ཀྱི་ཕྱི་རྩིག་དམར་པོ་བཟོ་སྲོལ་ཡོད། དེ་ལྟར་ཚོས་མདོག་བེད་སྤྱོད་ཚུལ་ཐད་མི་རིགས་རང་གི་ཡུལ་གོམས་གཤིས་ལུགས་དང་། ཆོས་ལུགས་ཀྱི་སྙིང་དོན་སོགས་གང་ཅིར་འགངས་ཆེའི་དོན་སྙིང་ཡོད་པ་མ་ཟད། ཨར་སྐྲུན་སྒྱུ་རྩལ་ཐད་གསལ་ཞིང་དྭངས་བའི་ཉམས་འགྱུར་རམ། བརྗིད་རྔམས་གཟིལ་གནོན་ལྡན་པའི་ནུས་པ་ཐོན་གྱི་ཡོད། དཔེར་ན། ཕོ་བྲང་པོ་ཏ་ལར་ཕོ་བྲང་དཀར་པོ་དང་། དམར་པོའི་དབྱེ་བ་ཡོད། ཕོ་བྲང་དཀར་པོ་ནི་ཨར་སྐྲུན་ཡོངས་ཀྱི་འགངས་ཆེའི་གྲུབ་ཆ་སྟེ། རྒྱལ་བ་རིམ་བྱོན་གྱི་བཞུགས་གནས་དང་། ཆོས་སྲིད་ཀྱི་བྱ་བ་ཐག་གཅོད་གནང་སའི་ཡུལ་ཡིན། ཕོ་བྲང་དེའི་ཕྱི་རྩིག་ལ་ས་དཀར་གསོལ་བས་མི་ཚོས་ཕོ་བྲང་དཀར་པོ་ཞེས་འབོད་ཅིང་། ཕོ་བྲང་དམར་པོ་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་བཞུགས་ཡུལ་གདུང་རྟེན་ཁང་ཡིན་ལ། ཕོ་བྲང་པོ་ཏཱ་ལ་ཡོངས་རྫོགས་ཀྱི་ལྟེ་གནས་དང་། ཨར་སྐྲུན་ཧྲིལ་པོའི་ཡང་རྩེ་ལྟ་བུ་ཡིན་པ་སྟེ། དེ་ལྟ་བུའི་ཚོས་མདོག་ཐད་བེད་སྤྱོད་ལུགས་མི་འདྲ་བ་དང་། སྒྲིག་སྟངས་མི་འདྲ་བ་དེས་བོད་ལུགས་ཨར་སྐྲུན་གྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་དང་ཁྱད་ཆོས་མངོན་པར་བྱས་ཡོད།
         དང་པོ། དཀར་དམར་གཉིས་ཀྱི་ཚོས་མདོག་གི་བྱུང་ཚུལ།
         དཀར་དམར་ཚོས་གཞི་གཉིས་ནི་བོད་རིགས་ཀྱི་མི་ལོ་སྟོང་ཕྲག་མང་པོའི་འཚོ་བའི་གོམས་གཤིས་དང་ཆོས་ལུགས་ཀྱི་རྒྱུན་སྲོལ་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པས་ཐོག་མར་བོད་རིགས་ཀྱི་གནའ་བོའི་ཆོས་ལུགས་དང་རིག་གནས། འཚོ་བའི་གོམས་གཤིས་བཅས་ཀྱི་ཐད་ནས་བཤད་དགོས་པ་ཞིག་རེད།
         མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས《དེབ་ཐེར་དཀར་པོའི་》ནང་པུར་རྒྱལ་ནི་གཞི་རྩའི་ཆ་ནས་འབྲོག་པའི་སྡེ་ཡིན་ཞེས་གསལ་བར་གསུངས་ཡོད། འབྲོག་པ་ཚོར་དུས་ཡུན་རིང་པོའི་དངོས་དོན་གྱི་འཚོ་བའི་ནང་དཀར་དམར་ཚོས་མདོག་གཉིས་ལ་ངོས་འཇིན་ཚུལ་རེ་ཡོད་པ་སྟེ།   “དཀར་ཞེས་པ་ནི་འབྲོག་པའི་ཐོན་སྐྱེད་ཀྱི་ཞོ་དང་། འོ་མ། མར་བཅས་ལ་ཟེར་ཞིང་། དཀར་ཆུ། ཞེས་ཀྱང་འབོད་ཀྱི་ཡོད། “དམར་”ཞེས་པ་ནི་ཤ་ལ་ངོས་འཛིན་གྱི་ཡོད་ལ། ཤ་ཁྲབ་གི་རིགས་ལ་དམར་ཟེར་གྱི་ཡོད། ད་ལྟ་བོད་རིགས་ཡིན་ཕྱིན་གྱི་འབྲོག་སྡེ་ཐམས་ཅད་ལ་འབོད་ཚུལ་དེ་རང་ཡིན།”  
         བོད་ལུགས་ཀྱི་གསོལ་སྟོན་འབུལ་སྐབས་ཀྱང་དཀར་སྟོན་དང་། དམར་སྟོན་གྱི་དབྱེ་བ་ཡོང་པ་སྟེ། “དཀར་སྟོན་”ནི་མར་འོ་མའི་རིགས་ཏེ་ཤ་ཁྲག་མ་འདྲེས་པའི་གསོལ་སྟོན་ལ་ཟེར་ཞིང་། དཀར་སྤྲོ་ཡང་ཟེར། “དམར་སྟོན་”ནི་ཤ་ཁྲམ་གི་གསོལ་སྟོན་ལ་ཟེར་ཞིང་། དམར་སྤྲོ་ཡང་ཟེར་སྲོལ་ཡོད། སྐབས་འགར་དཀར་དམར་གྱི་བཞེས་སྤྲོ་ཡང་ཟེར། ཆོས་ལུགས་ཀྱི་ལྷ་དང་སྲུང་མར་མཆོད་པ་འབུལ་རྒྱུ་ལ་ཡང་“དཀར་མཆོད”དང་། “དམར་མཆོད”ཀྱི་དབྱེ་བ་ཡོད་ཅིང་། གཏོར་མ་འབུལ་རྒྱུར་ཡང་དཀར་དམར་གཉིས་ཀྱི་དབྱེ་བ་ཡོད་པ་སྟེ། ཞི་བའི་ལྷ་ལ་འབུལ་རྒྱུའི་གཏོར་མ་ནི་དབྱིབས་ཟླུམ་པོ་དང་། མར་ཁུ་བྱུགས་ནས་དཀར་པོ་བཟོས་ཤིང་། སྲུང་མ་དྲག་པོར་འབུལ་རྒྱུའི་གཏོར་མ་ནི་དབྱིབས་གྲུ་གསུམ་ཡིན་པ་དང་། དམར་རྩི་བྱུགས་ནས་དམར་སིང་ངེ་ཞིག་བཟོ་ཡི་ཡོད་ཅིང་། གནའ་དུས་སེམས་ཅན་བསད་པའི་ཁྲག་བྱུགས་སྲོལ་ཡོད་པ་ཡིན།
         1.དཀར་པོ། དཀར་སྟོན་ནི་དཀར་པོ་དང་གཅིག་ཏུ་འབྲེལ་བ་ཞིག་སྟེ། ཐང་ཡིག་གསར་མའི་གླེགས་བམ་216པའི་སྟོད་ཆར། “ཤིང་གི་སྣོད་མཐིལ་དུ་ཀོ་བས་གཡོགས་པ་འེག་ཏུ་ཟས་ཟ་ལ། སྡེར་མའི་དོད་དུ་འཕྱིང་བ་བཏིངས་ནས་བྱེད། ཡང་ན་བག་ཕྱེ་ལས་སྐོར་རྭ་ཞེག་བྱས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་དེ་ཡང་ཟ། ཆང་ཁྱོར་པར་བླུགས་ནས་བཏུང”ཞེས་སོགས་འཁོད་ཡོད་ཅིང་། སྔ་མོ་བོད་ཀྱི་ས་གནས་སྲིད་གཞུང་གི་མཛད་སྒོ་ཆེན་པོ་ཚུགས་སྐབས་ཚོམས་ཆེན་དབུས་སུ་གོས་ཆེན་གྱི་གདན་ཆེན་པོ་བཏིང་ཞིང་། ཁ་ཟས་དང་། ཤིང་འབྲས། བུ་རམ་སོགས་དེའི་སྟེང་དུ་སྤུངས་ནས་སྟོན་མོ་བྱེད་པ་འདི་སྡེར་མའི་དོད་དུ་འཕྱིང་པ་བཏིངས་ནས་བྱེད་ཟེར་བ་དེ་རང་ཡིན་པ་དང་། བོད་ས་གནས་སྲིད་གཞུང་གི་དཔོན་རིགས་རྣམས་དབྱར་ཁའི་བཞུགས་གླིང་གཏོང་སྐབས་ཤིང་ཕོར་འདྲ་བའི་ངག་ཕྱེ་བཟོ་སྲོལ་ཤོད་པ་འདི་བག་ཕྱེ་ལས་སྐྱོར་བ་བྱེད་ཟེར་བ་དེ་དངོས་ཡིན། ལོ་ལྟར་ཟླ་བ་བདུན་པའི་ཚེས་གཅིག་གི་ཞོ་སྟོན་ནི་“དཀར་སྟོན་”ངོ་མ་དེ་ཡིན། གནའ་ནས་བཟུང་བོད་པའི་གྱོན་ཆས་ཐོག་ཏུའང་དཀར་པོ་དང་དམར་པོའི་ཚོས་མདོག་གཉིས་ཀྱི་དབྱེ་བ་ཡོད། པུར་རྒྱལ་སྐབས་སུ་མི་ཚོས་རྒྱུན་པར་འཕྱིང་པ་དང་སྣམ་བུ་གྱོན་པ་དང་། དགུན་དུས་པགས་ཚགས་གྱོན་པ་སོགས་ནི་དཀར་པོ་ཡིན། དཔེར་ན་ཐང་ཡིག་གཡར་མའི་གླེགས་བམ216པའི་སྟོད་ཆར། “གྱོན་པའི་འཕྱིང་བར་བྱེད་ཅིང”ཞེས་འཁོད་ཡོད། བོད་རིགས་ཀྱི་འཚོ་བའི་ནང་གཉེན་སྒྲིག་སྟོན་མོའི་སྐབས་གནའ་མ་དང་མག་པར་འཕྱིང་པའི་གདན་དཀར་གཙང་འདིང་བ་དང་། ཁ་དར་དཀར་གཙང་བཀོན་པ་སོགས་དཀར་པོ་ཤ་སྟག་ཡིན་ཅིང་། བོད་རིགས་ས་ཁུལ་གང་སར་ལྷ་མཆོད་པ་དང་། བསངས་གཏོང་བ། ཚེ་འགུག་བླ་འགུག གཡང་སྒྲུབ་སོགས་ཆོས་ལུགས་མཛད་སྒོ། གཉེན་སྒྲིག་སྟོན་མོ་སོགས་ཀྱི་སྐབས་སུ་མི་ཚང་མས་རྩམ་པ་སྦར་མོ་གང་གནམ་ལ་འཕྱར་བཞིན་དུ་ལྷ་རྒྱལ་ལོ་ཞེས་པའི་སྐད་སྒྲ་དང་བཅས་བར་སྣང་དུ་གཏོར་ནས་མི་ཚོའི་མགོ་ལུས་དང་། ཁོར་ཡུག་སོགས་དཀར་ཐིང་ངེ་བཟོས་ནས་རྟེན་འབྲེལ་བཟང་པོ་མཚོན་པར་བྱེད་ཀྱི་ཡོད།
         གནའ་བོ་བོན་པོའི་ཆོས་ལུགས་ཀྱི་ལྷ་སྲུང་མཆོད་སྐབས་ཀྱང་“དཀར”“དམར”གཉིས་ཀྱི་དབྱེ་བ་ཡོད་པ་སྟེ། བོན་པོས་གནམ་དང་ས། རི་དང་ཆུ། ཉི་ཟླ་སྐར་གསུམ། ཆུ་ནང་གི་ཀླུ། རི་དྭགས་གཉན་སོགས་ཞི་བའི་ལྷར་བརྩིས་ནས་མཆོད་ཀྱི་ཡོད་པ་སྟེ། ཐང་ཡིག་རྙིང་མའི་གླེགས་བམ་296པའི་སྟོད་ཆའི་ནང་“གནམ་དང་རི་ལུང་། ཉི་ཟླ་གཟའ་སྐར་ལ་སོགས་པ་དཔང་དུ་གསོལ”ཞེས་དང་། “རི་དྭགས་གཉན་ནི་ལྷ་རུ་བཀུར”ཞེས་འཁོད་པ་ལྟར། ལྷ་དེ་དག་གསོལ་བར་དཀར་མཆོད་ཕུལ་གྱི་ཡོད། དཀར་མཆོད་དེ་དཀར་གསུམ་གྱི་འབུལ་དགོས་པ་སྟེ། ཞོ། འོ་མ། མར་གསུམ་གྱིས་འབུལ་དགོས། བསངས་གཏོང་བ་ལ་ཡང་དཀར་བསངས་ཕུལ་ཟེར་ཞིང་། བསངས་རྫས་རྩམ་པ་དང་མར་སོགས་ཀྱིས་བྱེད་པ་ལས“དམར”གཏན་ནས་འདྲེས་མི་ཉན་པ་ཡིན། གོང་གསལ་དེ་དག་ནི་འཚོ་བ་དང་ཆོས་ལུགས་ཐོག་གི་དཀར་པོའི་བེད་སྤྱོད་ལུགས་ཡིན། གནའ་བོའི་སྐྱ་སྤོ་བའི་འབྲོག་པའི་འཚོ་བ་རིམ་བཞིན་སྡོད་ཕྱོགས་སུ་འཕོ་འགྱུར་བྱུང་བས་དཀར་དམར་ཚོས་མདོག་གཉིས་པོའང་རིམ་བཞིན་ཨར་སྐྲུན་ཐོག་བེད་སྤྱོད་བྱེད་ཀྱི་ཡོད། བོད་རིགས་ས་ཁུལ་གྱི་རི་མགོ་དང། འགྲོ་ལམ་གྱི་སྒང་ཐོག་ཏུ་རྡོའི་ལྷ་བཙུགས་དང་རྟེན་མཁར་སོགས་བཞེངས་ཡོད་ཅིང་། རེ་འགའ་ཡིས་ཕུང་གསོག་བརྒྱབ་པའི་རྡོ་སྤུངས་དང་། རེ་འགས་རྡོས་རྟེན་མཁར་གྲུ་བཞིའམ་ཟླུམ་པོ་སོགས་སུ་བརྩིགས་ཡོད་ལ་དེའི་ཐོག་ཏུ་དར་ལྕོག་དང་ཁ་དར་དཀར་པོ་བཀལ་བའི་དར་ཤིང་བཙུགས་ཀྱི་ཡོད། རྟེན་མཁར་གསོལ་བའི་སྐབས་སུ་བསངས་གཏོང་བ་མ་ཟད། རྩམ་པ་དང་། ཞོ། འོ་མ་སོགས་རྟེན་མཁར་དང་ལྷ་བཙུགས་ཐོག་བཤོས་ནས་དཀར་སིང་ངེ་བཟོ་ལ། མར་གྱིས་བྱུག་པ་ཡང་རྒྱག་གི་ཡོད། བྱེད་སྲོལ་དེ་དག་བོད་རིགས་ས་ཁུལ་གང་སར་ཡོད་མུས་ཡིན། དཔེར་ན་ཁམས་ཕྱོགས་དང་། འབྲོག་ཁུལ་གྱི་གནས་མཇལ་བ་མང་པོ་ཆོས་མཇལ་དུ་བསྐྱོད་སྐབས་ཇོ་ཁང་། པོ་ཏཱ་ལ་སོགས་ཀྱི་ལྷ་ཁང་གི་སྒོ་དང་ལྷའི་བཞུགས་ཁྲི་སོགས་ལ་མར་ཕྲན་བུ་རེ་བྱུགས་མཁན་བྱུང་བ་ནི་གནའ་བོའི་གོམས་སྲོལ་གྱི་རྒྱུན་མཐུད་པ་ཞིག་རང་རེད།
         ཨར་སྐྲུན་འཕེལ་རྒྱས་ཀྱི་གོ་རིམ་དང་སྦྲགས། རྒྱ་ཆེའི་གྲོང་བརྡལ་དང། དགོན་པ་སོགས་ལ་གནའ་བོའི་“དཀར་གསུམ”གྱི་རྟེན་མཁར་སོགས་དཀར་པོ་བཟོ་བའི་བྱེད་སྲོལ་དེ་རིམ་བཞིན་ཁང་པའི་ཐོག་བེད་སྤྱད་ནས་ས་དཀར་གྱིས་དཀར་གསུམ་གྱི་ཚབ་བྱས་ནས་དཀར་གསོལ་བའི་ཨར་སྐྲུན་གྱི་བཟོ་ཚལ་མང་པོས་མཛེས་པར་བྱས་པ་བྱུང་ངོ།
         2.དམར་པོ། བོད་ཀྱི་གནའ་བོའི་བོན་ཆོས་ནང་སེམས་ཅན་བསད་པའི་དམར་མཆོད་འབུལ་རྒྱུའི་དར་སྲོལ་ཆེ་ཞིང་། གཞི་ཁྱོན་ཅུང་ཆེ་བའི་དམར་མཆོད་འབུལ་ཐེངས་གཅིག་ལ་སེམས་ཅན་བརྒྱ་ཕྲག་གསོད་ཀྱི་ཡོད་པ་སྟེ། ཐང་ཡིག་གསར་མའི་གླེགས་བམ་216གི་སྟོད་ཆར། “རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུ། དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད། ལོ་གསུམ་ན་འདུམ་མ་ཆེ་བ་རེ་བསྡུ། མཚན་དགུང་ལ་མཆོད་དངོས་རྣམས་སྟེགས་སུ་གཤམ་སྟེ། མི་རྟ་གཡག་གསུམ་དང་བོང་བུ་སོགས་དམར་མཆོད་དུ་འབུལ། སྲོག་ཆགས་དེ་དག་གི་རྐང་ལག་འབྲེག དོན་སྣོད་མདུན་དུ་སྤུངས”ཞེས་དང་། བོད་ཡིག་ལོ་རྒྱུས་དེབ་ཐེར་གཞན་དུའང་མནའ་བོར་དམར་མཆོད་འབུལ་ཚུལ་འཁོད་ཡོད་ཅིང་། ཉེ་བའི་མི་ལོ་སུམ་བརྒྱ་ཙམ་གྱི་གོང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོས་སོག་ཡུལ་དུ་སེམས་ཅན་བརྒྱ་སྟོང་གསོད་པའི་དམར་མཆོད་གཏན་འགོག་གནང་ཚུལ་མཁྱེན་གསལ་རེད། དམར་མཆོད་འབུལ་སྐབས་སེམས་ཅན་མང་པོ་བསད་ནས་ཁྲག་དྲོན་མོ་རྟེན་མཁར་ཐོག་མཆོད་ནས་རྟེན་མཁར་དམར་སིང་ངེ་བཟོས་པ་སོགས་ནི་དེང་སྐབས་སུའང་མདོ་སྨད་ས་ཁུལ་གྱི་རྒྱལ་རོང་དང་མི་ཉག་སོགས་ས་ཁུལ་འགའ་རེར་ར་མཆོད་ལྷ་བཙུགས་ཞེས་སྔར་བསད་ནས་དམར་མཆོད་འབུལ་ཡུལ་གྱི་རྟེན་མཁར་ད་ལྟའང་ཡོད་པ་ནི་དཔེ་མཚོན་ངོ་མ་ཡིན། དམར་མཆོད་འབུལ་བ་དང་སྦྲགས་མེའི་ནང་དུ་ཤ་དང་མཚིལ་སོགས་བསྲེགས་ནས་ཤ་བསུར་གཏོང་སྲོལ་ཡང་ཡོད་པར་རེ་འགས་དམར་བསུར་ཡང་ཟེར་ཞིང་། དབྱར་ཁ་སོགས་སུ་གང་བྱུང་དུ་ཤ་བསུར་བཏང་ན་དཀར་སྐྱོང་བྱེད་པའི་ཡུལ་ལྷ་གཞི་བདག་རྣམས་ཁྲོས་ཏེ་ཐོག་དང་སེར་བ་སོགས་རྒྱག་གི་རེད་ཟེར་སྲོལ་ཡོད་པས་ཤ་བསུར་དེ་བཙན་དང་འདྲེ་མོ་སོགས་ལ་མ་གཏོགས་གཏོང་བར་མི་བྱེད་པ་ཡིན། དེ་ལྟ་བུའི་ཤ་ཁྲག་གིས་དམར་མཆོད་འབུལ་ཡུལ་ནི། བཙན་དང་། རྒྱལ་པོ་སོགས་དྲག་པོའི་ལྷ་སྲུང་ཡིན་ཅིང་། རྟེན་མཁར་དེ་ཚོར་བཙན་མཁར་ཡང་ཟེར། བོན་པོའི་ཤུགས་རྐྱེན་འོག མི་དྲག་དང་། དམག་གི་བྱས་རྗེས་འཇོག་མཁན་སོགས་ལ་ཁོང་ཆོའི་བང་སོའི་ཐོག་ཏུའང་ཚོས་དམར་པོ་བྱུགས་སྲོལ་ཡོད་པ་སྟེ། ཐང་ཡིག་གསར་མའི་གླེགས་བམ་216པའི་སྟོད་ཆར། “མི་ཤི་ཚེ་རོ་དུར་དུ་སྦ། བང་གསོར་ཚོས་སྣ་བྱུག”ཞེས་དང་། ཡང་དེའི་སྨད་ཆར“བང་སོའི་ལོགས་སུ་ཁང་པ་བརྩིགས་པ་ཚོས་དམར་པོར་བསྒྱུར་ཡོད་ལ། གྱང་ངོས་ན་སྟག་དཀར་པོ་ཞིག་བྲིས། དེ་གར་སྦས་པ་རྣམས་ནི་མི་ཆེན་དང་། གཡུལ་དུ་དཔའ་བ་རྣམས་ཀྱི་གདུང་རེད། འདས་པའི་རྗེས་སུ་སྟག་གི་གཟུགས་བརྙན་བྲིས་ཏེ་དཔའ་བོའི་རྟགས་སུ་ངོམས་པར་བྱེད།”ཅེས་འཁོད་པ་ལྟར་རེད། གོང་དུ་ཞུས་པ་ལྟར། པུར་རྒྱལ་སྐབས་ཀྱི་འགངས་ཆེའི་གསོལ་སྟོན་ལ་ཡང་དཀར་སྟོན་དང་། དམར་སྟོན། གཉིས་ཀྱི་དབྱེ་བ་ཡོད། དམར་སྟོན་ནི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་དང་། དྲག་དཔོན་ལ་དཔོན་སྟོན། འཇམ་འདུམ་ཆིངས་ཡིག་འཇོག་པའི་མཛད་སྒོ་སོགས་ལ་དམར་སྟོན་གཙོ་བོ་ཡིན། དཔེར་ན། ཐང་ཡིག་རྙིང་མའི་གླེགས་བམ་196པའི་སྟོད་ཆའི་ནང་། “རྒྱལ་ཁབ་གཞན་གྱི་མགྲོན་པོ་སླེབས་ཚེ། གཡག་གཅིག་ཁྲིད་འོངས་ལ། མགྲོན་པོས་མདས་བཀུམ་ཏེ་ཤ་འགྱེད་གཏོང་” ཞེས་དང་། ཐང་ཡིག་གསར་མའི་གླེགས་བམ་216པའི་སྨད་ཆར།“འཇམ་འདུམ་གྱི་སྟེགས་བུ་དེའི་ཞེང་ལ་གོམ་པ་བཅུ། དཔངས་ལ་ཁྲུ་དོ་ཙམ་འདུག འཇམ་འདུམ་གྱི་སྐབས་སུ་བྷེན་དེ་ཆེན་པོ་མ་གཏོགས་གཞན་རྣམས་ཀྱིས་ཁྲག་གི་བཏུང་བ་བྱེད།”ཅེས་འཁོད་པ་ལྟར་དང། སྔ་མོ་བོད་ས་གནས་སྲིད་གཞུང་ནས་སྐུ་ཚབ་མངགས་གཏོང་གིས་ཀློ་པ་དང་གྲོས་འདུམ་བྱེད་སྐབས། ཀློ་པས་ས་གནས་སྲིད་གཞུང་སྐུ་ཚབ་ཀྱིས་ཁྲིད་ཡོང་བའི་གཡག་དེ་ས་དེ་རང་དུ་མདས་བསད་རྗེས་ལྤགས་པ་བཤུས་ནས་ཐོག་ཏུ་འདིང་ཞིང་། ཕྱོགས་གཉིས་པོའི་མི་སྣས་ཀོ་བ་དམར་པོའི་ཐོག་མཉམ་དུ་བསྐྱོད་ནས་མནའ་བོར་བ་སོགས་བྱེད་སྲོལ་ཡོད་པ་དང་། ལྷོ་ཁ་བསམ་ཡས་དགོན་པའི་སྲུང་མ་ཙིའུ་དམར་ར་ལྷ་ཕེབས་པའི་སྐབས་ར་ཞིག་ཆེད་དུ་བསད་ནས་རའི་སྙིང་དང་ཁྲག་དྲོན་མདུན་དུ་བཤམ་དགོས་པ་དང་། ལྷ་ཕེབས་སྐབས་རའི་སྙིང་ཟ་བ་དང་ཁྲག་འཐུང་བ་མ་ཟད་ཁྲག་ངོ་གདོང་ལ་བྱུགས་པ་སོགས་བྱེད་སྲོལ་ཡོད་པ་དེ་དག་གནའ་བོའི་དམར་མཆོད་བྱེད་སྟངས་ཀྱི་མཚོན་རྟགས་གསལ་པོ་ཡིན།
         གྱོན་ཆས་ཐད་གོང་དུ་ཞུས་པའི་གོས་དཀར་པོའི་རིགས་ཕུད། གནའ་དུས་གཡུལ་འགྱེད་སྐབས་ཀྱི་དམག་དཔོན་གྱི་གྱོན་པ་དང་། པུར་རྒྱལ་བཙན་པོའི་མཛད་སྒོའི་སྐབས་ཀྱི་ན་བཟའ་གྱོན་ཆས་ཚང་མ་དམར་པོ་ཤུགས་ཆེ་བ་ཡིན། ཐང་ཡིག་གསར་མའི་གླེགས་བམ་216པའི་སྨད་ཆར། “དེ་གར་སྦས་པ་རྣམས་ནི་མི་ཆེན་དང་གཡུལ་དུ་དཔའ་བ་རྣམས་ཀྱི་གདུང་རེད། ཁོངི་རྟ་རྣམས་འཚོ་བའི་སྐབས་སུ་སྟག་ལྤགས་གྱོན་ཞིང་།”ཞེས་སོགས་དང་། ཡང་“བཙན་པོ་ཕོ་བྲང་དུ་བཞུགས། འབྲུག་དང་སྟག་གཟིག་སོགས་གསེར་གྱི་ཤན་པ་ཡོད་ལ། བཙན་པོའི་སྐུ་ལ་སྟག་ལྤགས་དཀར་པོ་གསོལ།”ཞེས་སོགས་འཁོད་ཡོད་པ་དང་། མཁས་དབང་པཎྜིཏ་དགེ་འདུན་ཆོས་འཕེལ་གྱི《དེབ་ཐེར་དཀར་པོའི་》ནང་“གང་ལྟར་བཙན་དང་། བཙན་པོའི་ན་བཟའ། སྐུ་མཁར། དབུ་ཡི་དར་ཐོད་དང་། དམག་དར་སོགས་ཚང་མ་དམར་སིང་ངེ་སྡད་པ་ཞིག་ཡོད་པ་འདྲ”ཞེས་གསུངས་ཡོད། གཞན་ཡང་བཙན་པོའི་སྐུ་འཁོར་བཀའ་བློན་དང་བཅས་པའི་གདོང་ལ་དམར་པོ་བྱུགས་པར་བརྗིད་རྔམས་སུ་བརྩི་ཡི་ཡོད་པ་སྟེ། ཐང་ཡིག་གསར་མའི་གླེགས་བམ་216པའི་སྟོད་ཆར“གདོང་ལ་ཚོས་བྱུགས་པ་དགའ་མོར་སེམས”ཞེས་དང་། ཐང་ཡིག་རྙིང་མའི་གླེགས་བམ་196པའི་སྟོད་ཆའི་ནང་། “ཀོང་ཇོས་མི་རྣམས་ཀྱི་གདོང་ལ་ཚོས་དམར་པོ་བྱུགས་པར་མ་དགའ་བས། སྲོང་བཙན་གྱིས་སྲོལ་དེ་ཕྱིན་ཆད་བྱེད་མི་ཆོག་པའི་བཀའ་ཕབ”ཅེས་འཁོད་ཡོད། 《རྒྱལ་རབས་གསལ་མེ་ལོང་》སོགས་ལོ་རྒྱུས་དེབ་ཐེར་ནང་དུ་ཡང་། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་དམར་པོ་རིར་སྐུ་མཁར་དམར་པོ་དགུ་བརྒྱ་བཞེངས་ཞེས་གསལ་བར་འཁོད་ཡོད་པ་སོགས་རྒྱུ་མཚན་མང་པོའི་ཐོག་ནས་བོད་རིགས་ཀྱི་ཨར་སྐྲུན་ལ་ཚོས་དམར་པོ་འབྱུག་པའི་བྱེད་སྲོལ་དེ་གནའ་བོའི་སེམས་ཅན་བསད་ནས་ཁྲག་དམར་པོ་བཙན་མལར་ལ་བཤོས་པའི་དམར་མཆོད་བྱེད་སྟངས་དེ་ནས་རིམ་བཞིན་དར་བའི་ར་འཕྲོད་གསལ་པོ་བྱུང་ཡོད། དེ་ཡང་སྤྱིར་བཏང་བོད་རིགས་ཡོངས་ལ་དམར་པོ་ནི་བཙན་གྱི་ཚོས་མདོག་ཡིན་པའི་སྣང་བ་ཞིག་རང་ཤུགས་སུ་འཆར་གྱི་ཡོད།
         སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱིས་བོན་ཆོས་ནང་གི་རྒྱུན་སྲོལ་གྱི་བྱེད་ཚུལ་མང་པོ་ཞིག་སངས་རྒྱས་ཆོས་ལུགས་ཀྱི་སྔགས་ཆོས་སོགས་ཀྱི་ཁོངས་སུ་བསྒྱུར་ནས་གནའ་བོའི་རི་སྟེང་གི་སྟབས་བདེའི་བཙན་མཁར་དེ་རིམ་བཞིན་ཆོས་སྐྱོང་སྲུང་མའི་མགོན་ཁང་དུ་བསྒྱུར་གནང་མཛད་ཅིང་། ད་ཡོད་བོད་རིགས་ས་ཁུལ་གྱི་སྲུང་མའི་མགོན་ཁང་ཡོངས་རྫོགས་དམར་པོ་བཟོས་ཡོད་པ་དཔེར་ན། འབྲས་སྤུངས་གནས་ཆུང་ལྕོག་དང་། བསམ་ཡས་ཀྱི་པེ་ཧར་ལྕོག་སོགས་ཚོས་མདོག་དམར་པོ་བཟོས་པའི་ཨར་སྐྲུན་ཤ་སྟག་ཡིན།
         རྩིག་དམར་བྱུགས་པའི་ཨར་སྐྲུན་གཞན་ཞིག་ནི་གདུང་རྟེན་ལྷ་ཁང་ཡིན། དཔེར་ན། རྩེ་པོ་ཏཱ་ལའི་ཕོ་བྲང་དམར་པོ་དང་། དགའ་ལྡན་དགོན་གྱི་ཡངས་པ་ཅན་སོགས་ཚོས་མདོག་དམར་པོ་ཡིན། པོ་ཏཱ་ལའི་ཕོ་བྲང་དམར་པོའི་ནང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གདུང་རྟེན་བཞུགས་ཡོད་ཅིང་། གདུང་རྟེན་དེ་དག་གསེར་སྦྱངས་བཙོ་མ་ལས་གྲུབ་པ་ཤ་སྟག་ཡིན།
         དགའ་ལྡན་ཡངས་པ་ཅན་ནི་དགེ་ལྡན་པའི་སྲོལ་འབྱེད་པོ་རྗེ་ཙོང་ཁ་པ་ཆེན་པོའི་གདུང་རྟེན་ལྷ་ཁང་ཡིན། གདུང་རྟེན་ཞེས་པ་དོན་དངོས་ཐོག་བང་སོ་ཡིན་ཅིང་། གདུང་རྟེན་བཞུགས་པའི་ཁང་པར་ཚོས་དམར་པོ་བྱུག་པ་ནི་གནའ་དུས་མི་ཆེན་དང་། དཔའ་བོའི་བང་སོར་ཚོས་དམར་པོ་བྱུགས་པའི་སྲོལ་རྒྱུན་ཡིན་པ་སྨོས་མི་དགོས་པ་རེད། ལྷོ་ཁ་འཕྱོངས་རྒྱས་རྫོང་གི་རིའི་སྟེང་དུ་ཨ་ལྕེ་རྒྱ་བཟའི་བང་སོར་གྲགས་པའི་གྱང་བརྡུངས་བའི་བང་སོ་ཞིག་ཡོད་པ་དེར་ས་དམར་བྱུགས་པའི་རྗེས་ཤུལ་ཕྲན་བུ་ད་ལྟའང་མཐོང་རྒྱུ་ཡོད།
         གཉིས་པ། དཀར་དམར་ཚོས་མདོག་གཉིས་ཨར་སྐྲུན་ཐོག་གི་བེད་སྤྱོད་བྱེད་སྟངས།
         ད་ནི་དཀར་དམར་ཚོས་མདོག་གཉིས་པོ་རིམ་པ་བཞིན་འཕོ་འགྱུར་ཇི་ལྟར་བྱུང་བ་དང་། གོ་རིམ་ཅི་འདྲ་ཡིན་ས་དང་ད་ལྟའི་བྱེད་སྲོལ་སོགས་ཅི་འདྲ་ཡིན་ཚུལ།
         1.ཕྱི་རྩིག་དཀར་པོ་བཟོ་སྟངས།
         འོ་མ་སོགས་དཀར་གསུམ་གྱིས་ལྷ་མཆོད་པའི་རིམ་པ་བཞིན་ཨར་སྐྲུན་ཐོག་བེད་སྤྱད་པ་ཞིག་ཡིན་ཅིང་། བོད་རིགས་ས་ཁུལ་གང་སར་ལོ་གསར་གཏོང་སྐབས་ཐབ་ཚང་ཀ་གདུང་དང་། གྱང་ལྡེབས་སུ་གྲོ་ཞིབ་ཀྱིས་གཡུང་དྲུང་སོགས་བཀྲ་ཤིས་མཚོན་པའི་རི་མོ་འབྲི་བ་སྨད་ཁུལ་དུ་མར་གྱི་རི་མོ་བཀོད་པ་སོགས་ཀྱང་ཡོད་ལ། གཉེན་སྒྲིག་སྟོན་མོ་སོགས་རྟེན་འབྲེལ་དང་མཛད་སྒོའི་སྐབས་སྒོ་འགྲམ་དང་། རྒྱ་ལམ་ཐོག་ས་དཀར་ཀྱིས་བཀྲ་ཤིས་རི་མོ་བཀོད་ནས་རྟེན་འབྲེལ་བརྩི་བར་བྱེད། ད་ལྟ་ལི་ཐང་། དཀར་མཛེས། མི་ཉག་སོགས་སུ་སྡོད་ཁང་གསར་རྒྱག་ལེགས་སྒྲུབ་བྱུང་རྗེས་འོ་མར་ཆུ་བསྲེས་གྱང་ལྡེབས་སུ་གཏོར་བའི་སྲོལ་ཡོད། ཁང་པར་ས་དཀར་མ་གསོལ་གོང་ཉེ་འདབས་རིའི་སྟེང་གི་རྡོ་ཕ་བོང་རྣམས་ལ་ས་དཀར་གསོལ་བ་འདི་སྔ་མོའི་དཀར་མཆོད་འབུལ་ཚུལ་རིམ་བཞིན་འགྱུར་བ་བྱུང་བ་མངོན་ཚུལ་གསལ་པོ་ཡིན། ཐོག་གཅིག་ཡིན་པའི་ཁང་པར་ས་དཀར་གྱང་ལྡེབས་སུ་གཏོར་ནས་དཀར་པོ་བཟོ་བ་དང་། ཐོག་རྩེག་ཅན་ཡན་ལ་ས་དཀར་ཁུ་བ་གྱང་ལྡེབས་སུ་བླུགས་ནས་དཀར་པོ་བཟོ་ས་དཀར་འདིའི་རིགས་ས་ཁུལ་གང་སར་ཡོད་ཅིང་། ལྷ་སར་མཚོན་ན་འདམ་གཞུང་བརྒྱུད་ནས་ཐོན་པའི་ས་ དཀར་ཡག་ཤོས་སུ་བརྩི་བ་རེད། འགངས་ཆེའི་ཨར་སྐྲུན་དཔེར་ན། ཕོ་བྲང་པོ་ཏ་ལ་སོགས་ལ་ས་དཀར་གསོས་སྐབས། ས་དཀར་ནས་གྲོ་ཞིབ་དང་འོ་མ། ཤེལ་ཀ་ར་སོགས་འཕོན་ཆེན་བསྲེས་ནས་བཟོས་བ་རེད།    
         2.ཕྱི་རྩིག་དམར་པོ་བཟོ་སྟངས།    
         གནའ་དུས་ཀྱི་“དམར་སྟོན”བཤམ་པ་ནས་ངོ་གདོང་ལ་ཚོས་དམར་པོ་བྱུགས་སྲོལ་དང་། དམག་ཆས་སོགས་གྱོན་པ་ དང་ལ་ཐོད་དམར་པོ་བཟོ་བ། གནའ་བོའི་ཆོས་ལུགས་ཀྱིས་དམར་མཆོད་འབུལ་བ་ནས་ཁྲག་གིས་བཙན་ཁང་དམར་པོ་བཟོ་ བ། གནའ་བོའི་བང་སོར་ཚོས་དམར་པོ་འབྱུག་པའི་ལུགས་སྲོལ་བཅས་རིམ་བཞིན་གདུང་རྟེན་ཁང་དང་། སྲུང་མའི་མགོན་ ཁང་སོགས་ལ་བེད་སྤྱད་པའི་སྲོལ་བྱུང་ཞིང་། དུད་འགྲོའི་ཁྲག་གི་ཚབ་རྩིག་དམར་ཟེར་བའི་ས་ཞིག་གིས་བྱས་ནས་ཨར་སྐྲུན་ ཐོག་བེད་སྤྱོད་བྱེད་པ་ཡིན། རྩིག་དམར་ཞིབ་མོར་བརྡུངས་ནས་ཆུས་སྦངས་ཏེ་བྱུག་ཆོག་ལ། འགངས་ཆེའི་ཨར་སྐྲུན་པོ་ཏཱ་ ལའི་ཕོ་བྲང་དམར་པོ་སོགས་ལ་རྩག་དམར་གསོལ་སྐབས་རྩག་དམར་ནང་གྲོ་ཞིབ་དང་། ཤེལ་དཀར་ར། བུ་རམ་དམར་པོ། འོ་མ། ཤིང་ཡོ་འབོག་གེ་ལྤགས་པའི་ཁུ་བ་དང་། སྤྲིང་ཆུ་སོགས་བསྲེས་ནས་འབར་རྩི་ཆེ་རུ་འགྲོ་ཐབས་བྱེད་ཀྱི་ཡོད།
         གསུམ་པ། དཀར་དམར་ཚོས་མདོག་གཉིས་ཀྱི་ཚུར་སྣང་གི་ནུས་པ།
         བོད་རིགས་ཀྱི་འཚོ་བའི་གོམས་གཤིས་དང་། ཆོས་ལུགས་ཀྱི་ལྟ་བའི་ཐོག་དཀར་པོ་ནི་བཀྲ་ཤིས་པའི་ཚོས་མདོག་ཡིན་པ་དང་། ཞི་འཇམ་དང་བཟང་པོའི་ཚབ་བྱེད་པ་ཡིན།
         དམར་པོ་ནི་སྔར་ནས་བཟུང་དབང་ཤུགས་ཀྱི་མཚོན་བྱེད་ཡིན་པ་དང་། དཔའ་ངར་དང་སྟོབས་ཤུགས། བློ་སྤོབས་ཆེར་བསྐྱེད་བྱེད་པའི་ངར་ཤུགས་ཀྱི་ཚོས་མདོག་ཡིན། ཚོས་མདང་འདི་ཡིས་རང་ཕྱོགས་དཔའ་ངར་བསྐྱེད་པ་དང་། དགྲ་ཕྱོགས་བླ་འདར་ཞིང་དཔའ་འཁུམས་པར་བྱེད། མི་ཚོས་དམར་པོ་ནི་གོང་དུ་བཀུར་ཏེ། ཆོས་ལུགས་ཀྱི་སློབ་དཔོན་དང་། དཔའ་བོའི་མི་སྣར་དྲན་གསོ་བྱེད་ཀྱི་ཡོད། དམར་པོ་དེ་གང་བྱུང་དུ་བེད་སྤྱད་མི་རུང་ཞིང་། མདོག་དཀར་པོའི་དགོན་པའི་ཨར་སྐྲུན་གཞི་ཁྱོན་ཆེན་པོའི་ནང་དུ་ཚོས་དམར་སྨུག་ཅན་གྱི་གལ་འགངས་ལྷག་པར་ཆེ་བའི་གདུང་རྟེན་ཁང་དང་མགོན་ཁང་སོགས་དམིགས་བསལ་དུ་མངོན་པར་བྱེད་དེ། གནས་མཇལ་ཞུ་མི་མང་ཚོགས་ཚོར་སེམས་པའི་ནང་ཆེད་དུ་དོ་སྣང་མ་བྱེདཐབས་མེད་ཅིག་ཡོང་གི་ཡོད་པ་དང་། ཕྱོགས་མཚུངས་གོང་བཀུར་དང། དད་པའི་བསམ་པ་དབང་མེད་དུ་འཁོར་བར་བྱེད་པའི་ནུས་པ་ཐོན་གྱི་ཡོད།
         དེ་མིན་ད་དུང་ཞུ་དགོས་པ་ཞིག་སྟེ། བོད་རིགས་ཀྱི་ཨར་སྐྲུན་ཁྲོད་དུ་གྲངས་ངེས་ཅན་གྱིས་སེར་འབྱུག་པའི་ཁང་པའང་ཡོད། གཙོ་བོ་ནི་དགོན་པ་ཁ་ཤས་ཀྱི་ལྷ་ཁང་དང་། མཚམས་ཁང་། བཙུན་མའི་དགོན་པའི་ལྷ་ཁང་སོགས་ཀྱི་ཕྱི་རྩིག་སེར་པོ་བཟོ་སྲོལ་ཡོད། མི་རེ་འགས་ཁང་སེར་བཟོ་སྲོལ་དེ་དགེ་ལུགས་པ་ནས་བྱུང་བ་ཡིན་ཟེར་རུང་། གནའ་བོའི་པུར་རྒྱལ་དུས་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོས་བཞེངས་པའི་བུ་ཚ་གསེར་གྱི་ལྷ་ཁང་དང་། དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེ་མངའ་རིས་གུ་གེར་ཕེབས་རྗེས་བཞེངས་པའི་མཐོ་ལྡིང་གསེར་གྱི་ལྷ་ཁང་སོགས་ནི་ཚོས་མདོག་སེར་པོའི་ཁང་པ་ཡིན་ཀྱང་སྐབས་དེར་དགེ་ལུགས་པ་གཏན་ནས་བྱུང་མེད། ཏུན་ཧོང་གི་བོད་ཡིག་གི་གནའ་བོའི་ཆ་དང། རྒྱ་ཡིག་གི་ཐང་ཡིག་གསར་རྙིང་། དེ་མིན་ལོ་རྒྱུས་དེབ་ཐེར་སོགས་སུ་ཆོས་རྒྱལ་སྲོང་བཙན་གོང་རོལ་དུ་ཁང་པ་སེར་པོ་ཡོད་པའི་ལོ་རྒྱུས་འཁོད་པ་ད་བར་མཐོང་རྒྱུ་མི་འདུག་ལ། སྐབས་དེའི་བོད་རིགས་ཀྱི་འཚོ་བ་དང་། བོན་ཆོས་ཀྱི་བྱེད་སྒོ་སོགས་གང་ཅིར་ཁང་པ་སེར་པོ་བཟོ་ལུགས་གང་ཡང་མཐོང་རྒྱུ་མེད། དེར་བརྟེན་ངེད་ཀྱི་བསམ་པར། ས་སེར་བྱུག་པའི་ཁང་པ་ཡོང་རྐྱེན་དང་སངས་རྒྱས་ཆོས་ལུགས་དབར་འབྲེལ་བ་དམ་པོ་ཡོད་པར་སེམས། ས་སེར་བྱུག་པའི་ཁང་པ་དག་ནི་གལ་འགངས་ཆེ་བ་ཡིན་པ་སྟེ། སེ་ར་ཆོས་སྡིངས་སྒང་གི་རྗེ་རིན་པོ་ཆེའི་སྒྲུབ་ཁང་དང་། ཕོ་བྲང་པོ་ཏཱ་ལར་སྐུ་ཚེ་ཚེ་སྒྲུབ་པ་སྡོད་སའི་ཁང་པ་སོགས་སེར་པོ་ཡིན་ཅིང་། ལྷག་པར་དགོན་པ་སོ་སོའི་རྟེན་གཙོ་བཞུགས་སའི་ལྷ་ཁང་སེར་པོ་བཟོ་སྲོལ་ཡོད་པ་སྟེ། འབྲས་སྤུངས་དགོན་གྱི་རྟེན་གཙོ་བྱམས་པ་མཐོང་གྲོལ་མ་བཞུགས་པའི་ལྷ་ཁང་དང་། བཀྲ་ཤིས་ལྷུན་པོའི་ཐུབ་དབང་བདུད་འདུལ་མ་སྟེ་རྟེན་གཙོ་འདི་བཞུགས་ཡུལ་ཚོགས་ཆེན་འདུ་ཁང་ཡང་སེར་པོ་བཟོས་ཡོད་པ་ཡིན། རྙིང་མ་བའི་སྒྲུབ་སྡེ་ཁྱད་དུ་འཕགས་པ་ལྷོ་ཁ་སྨིན་གྲོལ་གླིང་གི་འདུ་ཁང་ཡང་སེར་པོ་བཟོས་ཡོད་པ་བཅས་རེད།
         ནང་པ་སངས་རྒྱས་པའི་ཆོས་ཀྱི་བཞེད་ཚུལ་ལྟར་ན། འཇིག་རྟེན་ཁམས་ཀྱི་འཕྲིན་ལས་ཐམས་ཅད། ཞི། རྒྱས། དབང་། དྲག་བཞིའི་ཁོངས་སུ་མ་འདུས་པ་མེད་ཅིང་། ཞི་བ་ནི་ཞི་འཇམ་པོའི་ལས་ཏེ་མཚོན་བྱེད་དཀར་པོ་ཡིན་པ་དང་། རྒྱས་པ་ནི་དར་ཞིང་རྒྱས་པའི་ལས་ཏེ་མཚོན་བྱེད་སེར་པོ། དབང་ནི་དབང་ཐང་དང་སྟོབས་ཤུགས་ཀྱི་ལས་ཏེ་ཚོས་མདོག་དམར་པོ། དྲག་པོ་ནི་དྲག་པོའི་སྟོབས་ཤུགས་ཀྱི་ལས་ཏེ་ཚོས་གཞི་ནག་པོས་མཚོན་པ་ཡིན་ཅིང་། ཡང་མདོར་བསྡུས་ན་དཀར་པོས་ཞི་བ་དང་རྒྱས་པ་མཚོན་པར་བྱེད་ལ། དམར་པོས་དབང་དང་དྲག་པོའི་ལས་མཚོན་པར་བྱེད་ཀྱི་ཡོད། དགོན་པ་དང་གྲོང་ཚོ་སོགས་ཕལ་ཆེ་ཤོས་ཀྱི་ཁང་པ་དཀར་པོ་བཟོས་པ་དེ་ཡང་སྤྱིར་ན་རྣམ་དཀར་དགེ་བའི་བྱ་བ་འཕེལ་བ་དང་། ཡུལ་ལུང་ཀུན་ཏུ་དུས་བདེ་ཞི་འཇམ་ཡོང་བ་མཚོན་པ། ལྷ་ཁང་། སྒྲུབ་ཁང་དང་འདུ་ཁང་སོགས་སེར་པོ་བཟོས་པ་ཡིན། སྤྱིར་ནང་བསྟན་དར་ཞིང་རྒྱས་པའམ་མི་རྣམས་ཚེ་ནོར་ལོངས་སྤྱོད་རྒྱས་པ། ཡུལ་ལུང་གྲ་རྒྱས་ཕུན་སུམ་ཚོགས་པ་ཡོད་པའི་བསམ་འདུན་དང་རྟེན་འབྲེལ་མཚོན་པ། གདུང་རྟེན་དང་སྲུང་མའི་མགོན་ཁང་སོགས་དམར་པོ་བཟོས་པ་དེས། ལྷ་སྲུང་རྣམས་མཐུ་རྩལ་དབང་ཕྱུག་བརྒྱད་ལྡན་པ་སོགས་ཀྱི་ཆོས་ལུགས་ཀྱི་མཚོན་དོན་ལྡན། གཞན་ཡང་ཞྭ་ལུའི་མགོན་ཁང་དང་། ས་སྐྱའི་མགོན་ཁང་སོགས་ཉུང་ཤས་ལ་ས་སྔོ་ནག་རྦད་དེ་འབྱུག་པའམ་སྔོ་ནག་གི་རི་མོ་འཐེན་སྲོལ་ཡོད་པ་ནི་སྲུང་མའི་དྲག་རྩལ་མངོན་པའི་མཚོན་བྱེད་ཡིན་པ་གཙོ་བོ་ས་སྐྱ་བའི་ཡི་དམ་གྱི་ཆོན་མདོག་ཡིན།
         མདོར་ན། བོད་ལུགས་ཨར་སྐྲུན་གྱི་ཕྱིའི་ཚོན་མདོག་དཀར་པོ་དང་དམར་པོ་ཡིན་པ་འདི་མི་ཚོས་གང་བྱུང་དུ་བྱུགས་བཞག་པ་ཞིག་མ་ཡིན་པར་ལོ་ངོ་ཁྲི་འབུམ་ནང་མི་རིགས་རང་གི་འཚོ་བ་དང་གཤིས་ལུགས། གོམས་སྲོལ་གཏིང་ཟབ་མོ་བཅས་ལས་བྱུང་བ་མ་ཟད། གནའ་བོའི་བོན་པོ་དང་ནང་པའི་ཆོས་ཀྱི་དོན་སྙིང་ཡང་ཆེན་པོ་ལྡན་ཡོད་པ་མཁྱེན་དགོས་སོ། ། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1