གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༨ཉིན།

༄༅།།བདེ་སྐྱིད་ཆུ་ཁོལ།



སྟག་རིག་འབྲུག་ཐར།
        རྡོ་ཕ་བོང་དང་བྲག་དམར་པོའི་གཡང་རོང་ན་རླངས་པ་འཕྱུར་བ་དང་བསྡོངས་དལ་དལ་ཤག་ཤག་ཏུ་རྒྱུ་བ་ནི་མདོ་སྨད་ཁྲི་ཀའི་ཡུལ་གྱི་བདེ་སྐྱིད་ཆུ་ཁོལ་ཟེར་བ་དེ་རེད།
        ཁྲི་ཀ་རྫོང་ནས་ལམ་ཐག་སྤྱི་ལེ13ཙམ་གྱི་མཚམས་སུ་མིང་ལ་བདེ་སྐྱིད་གཞུང་ཟེར་བའི་ལུང་པ་ཆེན་པོ་ཞིག་ཡོད་ཅིང་། ལུང་པའི་ཕུ་རུ་ཆུ་ཁོལ་ཕྱུང་བས་རྟེན་ཅིང་འབྲེལ་བའི་སྒོ་ནས་གནས་དེར་བདེ་སྐྱིད་ཆུ་ཁོལ་ཞེས་པའི་མཚན་མིང་དེ་ལྟར་ཐོགས་པར་བཤད།
        གནའ་མིའི་ངག་རྒྱུན་ལ་ཆུ་ཁོལ་འབྱུང་སའི་གཡོན་རི་དེ་ནི་མོ་རི་ཡིན་པས་བདེ་སྐྱིད་ཆུ་ཁོལ་གྱི་ཆུ་ནི་མོ་ཆུ་ཡིན་ལ། ཁྱོན་བསྡོམས་ཆུ་མིག་བརྒྱ་དང་བརྒྱད་ཡོད་པ་རེ་རེ་ཀླུ་ཡུལ་ཁམས་ཀྱི་ཀླུ་མོ་བརྒྱ་དང་བརྒྱད་ཀྱིས་བསྐོལ་བ་ལས་ཆུ་ཚན་རེ་རེ་གྲུབ་ཅིང་། ཆུ་ཚན་རེ་རེ་ལ་ཡན་ལག་བརྒྱད་ལྡན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་སྟབས། རྐང་ལག་ཞ་བོ་དང་། ཁ་མིག་སྐྱོན་ཅན། ཐ་ན་དོན་ལྔ་སྣོད་དྲུག་མི་བདེ་བའི་སོ་སོ་སྐྱེ་བོ་གང་ཞིག་ཡིན་ཡང་མི་རིགས་དང་ཡུལ་གྲུ་ལ་བཀག་རྒྱ་མིད་པར་མ་བོས་མགྲོན་པོ་བཞིན་གནས་འདིར་འདུས་པས་ན། ལྷའི་བདུད་རྩི་ལས་ཁྱད་དུ་འཕགས་པའི་ཆུ་མཆོག་ཅིག་རེད་ཅེས་འུད་ཀྱིས་བརྗོད་ནའང་མི་ཆོག་རྒྱུ་མིད།
        ཕ་མིས་ཡང་མིས་རྣམས་ཀྱི་ཤོད་སྲོལ་དུ་དེ་དུས་ཆུ་ཚན་ལ་སྡོད་པའི་རྒན་དར་གཞོན་གསུམ་རྣམས་རྒྱང་ཐག་རིང་པོའི་ས་ཆ་ནས་མཁོ་དགུའི་བཟའ་བཏུང་གོན་པ་སོགས་རྟ་བོང་ལ་ཁལ་བཀལ་ཏེ་ལམ་གསུམ་འདོམ་གྱིས་བཅད། ཁིས་གསུམ་རྨིག་པས་བཅགས་ནས་གནས་མཆོག་འདིར་རྡོག་ཐོན་བྱུང་བ་རེད་ཟེར། སྔོན་ཆད་ཡིན་ན་བདེ་སྐྱིད་གཞུང་གི་ལུང་མདོ་རུ་ཕོ་རྡོ་མོ་རྡོ་ཞེས་པའི་ཕྱེ་རྡོ་ཆེ་ཆུང་གཉིས་ཡོད་ལ། གནས་དེ་ནས་ཆུ་མིག་གི་བར་དུ་སྤྱི་ལེ་གཅིག་ལྷག་ཡོད་ནའང་ཆུ་མིག་བརྡོལ་བའི་ལྷོག་ལྷོག་གི་སྒྲ་དེ་གསལ་ལྷང་ངེར་ཐོས་ཐུབ་པ་ལས་གཞན་བར་སྣང་དུ་རླངས་པ་དུ་སྤྲིན་བཞིན་དགུང་སྔོན་དབྱིངས་སུ་དཀར་བོང་བོང་དུ་འཕྱུར་པ་མངོན་སུམ་མིག་གིས་མཐོང་ཐུབ་པར་བཤད།
        སྔོན་ཆད་ཀྱི་དུས་སུ་ས་ཆ་སོ་སོ་དང་རྫོང་ཁག་སོ་སོ། ཡང་ན་སྡེ་བ་སོ་སོའི་མི་མང་པོ་ཆུ་མིག་གི་ཁར་སླེབས་ཚེ། ངེས་གཏན་གྱི་སྡོད་ཁང་ཟེར་བ་མིད་ལ། གཏན་འཁེལ་གྱི་ས་མཚམས་ཀྱང་མིད་པས། གནས་གང་ལ་འོས་ཤིང་འཚམ་པ་ཡོད་ཚེ་དེ་རུ་གནས་བཅས་ཆོག གནས་བཅའ་བའི་སྐབས་སུ་ཡང་གྲལ་རིམ་མཐོ་དམའི་མི་སུ་ཡིན་ཡང་ཡོད་ཚད་ཀྱིས་རས་གུར་རྟ་སྒ་མ་ཕུབ་ནས་སྡོད་པ་ལས་ད་ལྟའི་སྡོད་ཁང་བཞིན་བ་གམ་ཁང་བརྩེགས་ཕྱི་རིམ་ནང་རིམ་གསལ་ཞིང་།ཚར་དུ་དངར་བའི་སྒལ་གཟེངས་སོ་ཕག་ཅན་གྱི་ཁང་པ་བསྟར་ཕྲེང་ཅན་དུ་སྡོད་པའི་དཔེ་མིད། བདེ་སྐྱིད་ཆུ་ཁོལ་གྱི་ཆུ་ཚན་རེ་རེར་ཕན་ཡོན་ཐུན་མིན་ལྡན་པ་སྟེ། གནས་དེའི་བདག་པོ་རྣམས་ཀྱིས་ཀྱང་ཆུ་མིག་རེ་རེ་རབ་ཕྱེ་ནས་མིག་ལ་སྨན་པའི་ཆུ་མིག སོ་ལ་སྨན་པའི་ཆུ་མིག ཕོ་ནད་འཇོམས་པའི་ཆུ་མིག མཁྲིས་ནད་སེལ་བའི་ཆུ་མིག་སོགས་རིགས་བརྒྱ་ཕྲག་ལྷག་ཡོད་པ་ནད་པ་རྣམས་ཀྱི་དགོས་མཁོ་ལྟར་གང་ལ་གང་འཚམ་གྱིས་བསྟེན་དང་སྟེན་བཞིན་ཡོད་པ་རེད།
        ཕྱོགས་སོ་སོའི་འགྲུལ་པ་རྣམས་ཀྱིས་ཆུ་ཚན་ལ་རོལ་བར་སྟབས་བདེ་བཟོ་ཆེད། གྲམ་གཞུང་གི་ག་ས་གང་ལ་རྡོ་བརྩིགས་མཐོན་པོ་རེ་བརྒྱབ་སྟེ་ཀླད་དུ་འཕྲེད་ཤིང་བཞག ཐོག་ཏུ་ཆུ་ཤོག་གིས་མནན་ནས་མི་མགོ་གཅིག་གམ་གཉིས་ཙམ་ཆུད་པའི་སར་ཆུ་ཚན་ལ་འཛུལ་ཆོག་པའི་འོས་ཤིང་ལེགས་པོའི་གནས་མལ་བཟོས་ཡོད། དེ་ལྟར་འཛུལ་ན་ཕྱོགས་གཅིག་ནས་ལུས་ཀྱི་ཟུག་རྔུ་དང་དབང་པོ་སྐྱོན་ཅན་རྣམས་མྱུར་དུ་སོས་པར་རམ་སྐྱོར་གྱི་ནུས་པ་ཐོན་ལ། ཕྱོགས་གཅིག་ནས་ཁོ་ཚོ་ཆུར་འཛུལ་ཞོར་རང་རང་སར་རྩེ་གཅིག་སྨོན་ལམ་གྱི་མ་ཎིའི་དབྱངས་རྟ་ངག་ལ་དྲངས་ནས་གྲམ་གཞུང་ཧྲིལ་པོར་ཆོས་སྒྲའི་བར་སྣང་འགེངས་པར་བྱས་ན་སེམས་ཀྱི་སྡིག་སྒྲིབ་འདག་པའི་ཕན་ནུས་རྒྱ་ཆེན་པོ་ཡོད་པའང་གོར་མ་ཆག དེ་ལས་ཀྱང་སྲོལ་ཡག་པ་ཞིག་ལ་ཆུ་གཞུང་ཆེ་སར་གོ་རིམ་འཁྲུག་པའི་སྒོ་ནས་ཁོ་ཚོ་གང་འདོད་འདོད་དང་ཅི་འདོད་འདོད་དུ་ཆུར་འཛུལ་བའི་སྲོལ་མིད། ཆུར་འཛུལ་སྐབས་ཀྱང་ཕོ་མོའི་གོ་རིམ་ངེས་ཅན་ཞིག་ལྡན་པ་སྟེ། གོང་དུ་ཡོད་སའི་ཆུ་མིག་གི་གཞུང་ཆུ་ཆེ་སར་སྐྱེས་པ་ཕོ་རྣམས་འཛུལ་ས་དང་ཞོལ་དུ་བསྐྱིལ་བའི་ཆུ་མིག་དེ་རུ་སྐྱེས་མ་རྣམས་འཛུལ་སའི་གནས་ཡིན། རྒྱུ་མཚན་དེ་དག་གི་རྐྱེན་པས་ཡར་སྔོན་གྱི་བདེ་སྐྱིད་ཆུ་ཁོལ་ད་གཟོད་བདེ་ཞིང་སྐྱིད་ལ་སྤྲོ་སྣང་གི་ཆ་འདྲེས་པ་ལས་གཞན་ཁོར་ཡུག་ཀུན་དག་ཅིང་གཙང་བའི་རྐྱེན་གྱིས་ངོ་མ་ལྷའི་བདུད་རྩི་ལ་རོལ་སྙམ་པའི་མྱོང་སྣང་སྟེར།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1