སློབ་གསོ་པུའུ་ཡིས་གུང་གསེང་རིང་གསབ་ཁྲིད་བྱ་མི་འོས་པར་བཤད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར། སྤེལ་དུས། 04-29



          ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་འབྱོར་གསལ། སློབ་གསོ་པུའུ་ཡིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥུང་གིས་ཉེ་ཆར་སློབ་འགོ་ཚུགས་པའི་སློབ་ཁྲིད་སླར་གསོའི་འབྲེལ་ཡོད་ནང་དོན་གྱི་ཕྱོགས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
          སློབ་མགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱེད་པར་དམར་ཐིག་3ཡོད།
          རིམ་པ་ཁག་དང་རིགས་སོ་སོའི་སློབ་གྲྭའི་སློབ་འགོ་བསྐྱར་ཚུགས་ཀྱི་ཚད་འཇལ་ཚད་གཞིའི་ཐད། ཝང་ཏེང་ཧྥུང་གིས་སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱེད་པར་དམར་ཐིག་3ཡོད་པ་སྟེ། རིམས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་མ་ཐུབ་གོང་སློབ་འགོ་མི་ཚུགས་པ་དང་། སློབ་གྲྭའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་གནད་ལ་མ་འཁེལ་བར་སློབ་འགོ་མི་ཚུགས་པ། དགེ་སློབ་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་མི་ཐུབ་པར་སློབ་འགོ་མི་ཚུགས་པ་བཅས་ཡིན་ཞེས་གསུངས་པ་རེད། སློབ་གསོ་དང་སློབ་ཁྲིད་ཀྱི་རྒྱུན་ལྡན་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཕྱོགས་བསྡོམས་བྱ་དགོས་ཤིང་། བརྒྱུད་རིམ་དེར་“གཅིག་དཔེ་བརྒྱ་འགེབས་”མི་བྱེད་པར།  རྒྱ་ཆེའི་དགེ་སློབ་ཚོའི་བདེ་ཐང་དང་བདེ་འཇགས་ནི་ཨང་དང་པོ་ཡིན་པས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་མཁོ་འདོན་ཐུབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པ་དང་། དེ་ལས་ལྡོག་ཚེ་སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱེད་པའི་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་རེད། སློབ་གསོ་པུའུ་ཡིས་སློབ་འགོ་མ་ཚུགས་གོང་སློབ་གྲྭ་ཚང་མར་འཕྲལ་སྡོམ་སྔོན་ཇུས་བཟོ་རུ་བཅུག་ནས་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          སློབ་འགོ་ཚུགས་རྗེས་སློབ་མའི་ཁྱིམ་སྡོད་དྲ་ཐོག་སློབ་སྦྱོང་གི་གནས་ཚུལ་གསལ་བོ་ཤེས་དགོས།
          རིམས་ནད་བྱུང་བའི་སྐབས་སུ། རྒྱལ་ཡོངས་ཀྱི་སློབ་མས་“སློབ་ཁྲིད་མཚམས་བཞག་ཀྱང་སློབ་སྦྱོང་མཚམས་མི་འཇོག”པར། སློབ་འགོ་ཚུགས་རྗེས་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་ཟུང་འབྲེལ་ཡག་པོ་བྱེད་པའི་ཐད་ནས་ཝང་ཏེང་ཧྥུང་གིས་བསྟན་དོན། སློབ་གསོ་པུའུ་ཡིས་ས་གནས་ཁག་ལ་ངེས་པར་དུ་སློབ་མའི་ཁྱིམ་སྡོད་དྲ་ཐོག་སློབ་སྦྱོང་གི་གནས་ཚུལ་ཤེས་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། དེ་ཡང་གནས་ཚུལ་གསལ་བོ་ཤེས་པ་ལ་ཕྱོགས་གཉིས་ཀྱི་ནང་དོན་ཚུད་ཡོད་པ་སྟེ། དང་པོ། དྲ་ཐོག་ཏུ་བཀོད་སྒྲིག་བྱས་པའི་སློབ་ཚན་གསར་པ་རྣམས་སློབ་མགོ་བརྩམས་རྗེས་ད་དུང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་དགོས་པ་དང་། བྱིས་པ་ཚང་མས་ཤེས་བྱ་དེ་དག་ཁོང་དུ་ཆུད་རྗེས་སློབ་ཚན་གསར་པ་འཁྲིད་འགོ་ཚུགས་དགོས། གཉིས་པ། གལ་ཏེ་དྲ་ཐོག་ནས་མ་ཁྲིད་པའི་ནང་དོན་ཡོད་ཚེ་མགོ་ནས་འཁྲིད་འགོ་རྩོམ་དགོས། ཞེས་གསུངས་པ་རེད།
          གུང་གསེང་བེད་སྤྱད་ནས་གསབ་ཁྲིད་བྱེད་པ་མི་འོས།
          ཝང་ཏེང་ཧྥུང་གིས་ད་དུང་མཚམས་སྦྱོར་གནང་དོན། སློབ་འགོ་ཚུགས་རྗེས་སློབ་གསོ་པུའུ་ཡིས་ས་གནས་ཁག་ལ་གཟའ་ཟླ་བ་ནས་གཟའ་པ་སངས་བར་ནུས་ལྡན་གྱི་སློབ་ཁྲིད་དུས་ཚོད་གང་ལེགས་སྤྱད་དེ་གསབ་ཁྲིད་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད། གལ་ཏེ་དཔྱིད་ཀའི་སློབ་དུས་འདིར་ལས་འགན་དངོས་གནས་ལེགས་འགྲུབ་བྱུང་མེད་ན། སྟོན་དུས་ཀྱི་སློབ་དུས་སུ་བསྣུར་ཆོག་པ་མ་ཟད། ཐ་ན་སློབ་ལོ་རྗེས་མའི་དུས་ཚོད་ནང་དུ་བཀོད་སྒྲིག་བྱས་ཀྱང་ཆོག སྤྱིའི་སློབ་སྟོན་བསམ་བློ་ནི་“ཕྱིས་འབྱུང་དུས་ཚོད་རིང་པོ་ཡོད”ཅེས་པ་དེ་རེད། སློབ་མཚམས་དང་སློབ་དུས། སློབ་ལོ་བཅས་ལེགས་སྒྲིག་བྱས་པ་བརྒྱུད། ནུས་ལྡན་གྱི་སློབ་ཁྲིད་དུས་ཚོད་བེད་སྤྱོད་གང་ལེགས་བྱེད་པ་དང་། ད་དུང་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་ཟུང་འབྲེལ་བྱས་ནས་བྱིས་པ་ཚོའི་ངལ་གསོའི་དུས་ཚོད་སྤྱད་དེ་སློབ་སྦྱོང་བྱ་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུའི་རེ་བ་ཡོད་ཅེས་མཚམས་སྦྱོར་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1