༄༅།།ལྷ་ཁང་ཐང་སྔགས་ཁང་དབང་ཆེན་གྲུབ་གནས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-29



        གནས་འདིར་ཐོག་མར་རབ་བྱུང་བཅུ་གསུམ་པའི་ནང་མ་ཎི་ཁང་ཞིག་ཡོད་ལ། ནང་དུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཡོད་པའི་བདག་གཉེར་པ་རྒྱལ་མཚན་ཟེར་བ་ཞིག་ཡིན་པས་མ་ཎི་དེ་ལ་ཚང་མས་རྒྱལ་མཚན་མ་ཎི་ཟེར། དེ་ནས་རབ་བྱུང་བཅུ་བཞི་པའི་དཀྱིལ་སྤྱི་ལོ1828ནས1850ལོ་ཙམ་ལ་ཞབས་དཀར་ཚོགས་དྲུག་རང་གྲོལ་རྨ་ཆེན་གངས་སྐོར་དུ་ཕེབས་པའི་ཕྱིར་ལམ། ཁོང་གང་ཟག་ཐ་མལ་བའི་ཚུལ་གྱིས་མ་ཎི་ཁང་འདིར་ཞག་བཞུགས་མཛད།དེ་དུས་ཞབས་དཀར་པས་སྡེ་བའི་མིང་ལ་ལྷ་ཁང་ཐང་དང་ཁྱོད་ཀྱི་མིང་ལ་རྒྱལ་མཚན་ཟེར་བས་རྟེན་འབྲེལ་ལེགས་པོ་བྱུང་། ཞེས་གསུངས་ཤིང་མ་ཎི་པར་གཟེངས་བསྟོད་བྱས། རྨ་ཆེན་སྦོམ་རས་ཕུལ་བའི་དབུ་ཞྭ་མནབས་ནས་སྨོན་ལམ་བཏབ་ནས་ཕེབས། དེ་ནས་མ་ཎི་པས་མ་ཎི་ཁང་རྒྱ་བསྐྱེད་ཅིང་སྔགས་པ་རྩ་འཛུགས་བྱས། རབ་བྱུང་བཅོ་ལྔ་པའི་མགོ་སྤྱི་ལོ1867ནས1877ལོ་ཙམ་ལ་སྔོན་གྱི་སྨོན་ལམ་གྱིས་ཞབས་དཀར་པའི་སྤྲུལ་སྐུ་སྡེ་འདིར་ཕེབས་ནས་སྔགས་འཆང་རིག་པ་འཛིན་པ་རྣམས་གཙོ་བྱས་སྐྱེ་བོ་ཕོ་མོ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་གསང་ཆེན་བསྟན་པའི་དབུ་འཕང་དགུང་དུ་འདེགས་པའི་རྟེན་འབྲེལ་བྱུང་། དུས་དེར་ཁོང་གི་ཐུགས་བཀོད་བཞིན་སྔགས་འཆང་འགས་འགན་ཁུར་ཏེ་འདུ་ཁང་གྱན་ལྔ་བཅུ་ཅན་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་བྱུང་།
        དེའི་རྗེས་སུ་ཁམས་སངས་རྒྱས་རྡོ་རྗེ་དང་གྲུབ་པའི་དབང་ཕྱུག་ཏིང་ཀྱཱ་སྐུ་ཕྲེང་གསུམ་པ་བདུད་འདུལ་རྡོ་རྗེ་སོགས་ཡུལ་གྲུ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་གདུལ་བྱ་སོ་སོའི་འདོད་མོས་བཞིན་དབང་ལུང་ཁྲིད་གསུམ་གྱི་ཟབ་ཆོས་ཕངས་མིད་དུ་བསྩལ། དེར་བརྟེན་བུ་སློབ་ཐམས་ཅད་ཀྱིས་དད་གུས་བླ་ན་མིད་པས་ཏིང་ཀྱཱ་བདུད་འདུལ་རྡོ་རྗེར་སྔགས་གྲྭ་འདིར་འཛིན་བདག་གནང་བར་གསོལ་བ་བཏབ་པར་དགྱེས་བཞིན་ཞལ་གྱིས་བཞེས་ནས་བརྩེ་བས་བསྐྱངས། དབང་གྲགས་བསྟན་སྐྱོང་འཁོར་བཅས་ལ་བཀའ་བསྒོས་དམ་བཞག་གིས་དུས་ཀྱི་མཐའ་འདིར་གསང་སྔགས་བསྟན་པའི་སྲུང་མར་མངའ་གསོལ་ཏེ་བཙན་ཁང་དབང་གྲགས་འབར་བའི་ཕོ་བྲང་བཞེངས། གསར་དུ་གྲུབ་པའི་འདུ་ཁང་ལ་དབང་ཆེན་གྲུབ་པའི་དགའ་ཚལ་ཞེས་མཚན་གསོལ། འདུ་ཁང་གཡོན་གྱི་ཁོང་གི་གཟིམ་ཆུང་འཕྲིན་ལས་ཡིད་དགའ་ཞེས་པ་དུས་དེར་བཞེངས། དེའི་རྗེས་སུ་སྐྱབས་མགོན་བདེ་ཆེན་རྒྱལ་པོས་ལེགས་པར་བསྐྱངས། འདི་བ་ཞབས་དཀར་པའི་སྤྲུལ་སྐུ་རྒྱ་ཡན་རང་གྲོལ་ལ་སྤྲུལ་སྐུ་གཉིས་བྱོན་པ་རེབ་གོང་སྐྱབས་མགོན་དང་སྒོ་མི་སྐྱབས་མགོན་གཉིས་ཀྱི་ཕྱི་མ་ཡིན། ཁོང་ནི་རབ་ཚེས་ས་རྟ་སྤྱི་ལོ1918ལོར་སྐུ་འཁྲུངས། ཏིང་ཀྱཱ་བདུད་འདུལ་རྡོ་རྗེའི་གདུང་སྲས་ཡིན། མཚན་ལ་ཨ་ལགས་གངས་ཏེ་ཡང་ཟེར། ཁོང་གིས་རབ་རྒྱལ་ཤིང་ལུག་སྤྱི་ལོ1955ལོར་སྔོན་གྱི་སྔགས་ཁང་གི་རྨང་གཞིའི་སྟེང་རྒྱ་བསྐྱེད་དེ་འདུ་ཁང་གྱན་བདུན་མ་ཅན་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང་བ་སོགས་བརྩེ་གཟིགས་གནང་། མཐར་རབ་རྒྱལ་ས་ཁྱི་སྤྱི་ལོ1958ལོར་ཁྲི་མོན་དུ་སྐུ་གཤེགས། དེ་ལས་གཞན་སྔ་འགྱུར་རིང་ལུགས་འཛིན་པའི་གྲུབ་དབང་ཆེན་པོ་ཁམས་སྟག་ཤམ་དང་། དགུ་རོང་སྣ་ཚོགས་རང་གྲོལ། རྡོ་བ་ཆོས་ཀྱི་དབང་ཕྱུག དགུ་རོང་རྒྱལ་སྲས། ཁམས་སྐུ་ཆེ་ཆུང་སོགས་དམ་པ་རིམ་བྱོན་མང་པོས་དབང་ལུང་ཁྲིད་གསུམ་གྱི་ཆོས་ཆར་དགུང་ནས་ཕབ་སྟེ་སྐྱེ་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་ཆོས་སྲིད་གཉིས་ལེགས་པར་བསྐྱངས། དུས་དེར་སྔགས་པ་བརྒྱད་ཅུ་ལྷག་ལ་སླེབས་མྱོང་།
        རྟེན་གྱི་སྐོར་ལ་འདུ་ཁང་ནང་དུ་སློབ་དཔོན་རིན་པོ་ཆེ་མི་ཚད་ཙམ། དེའི་གཡས་གཡོན་དུ་ཞི་ཁྲོ་རྟ་མགྲིན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་ཀྱི་སྨན་སྐུ། ཞི་ཁྲོའི་དཀྱིལ་འཁོར་སོགས་ཀྱི་གྱན་ཐང་དང་གུ་རུའི་འཁྲུངས་རབས་ཀྱི་ཐང་ག་ཉི་ཤུ། གསུང་རྟེན་ལ། ཀློང་ཆེན་མཛོད་བདུན་དང་སྙིང་ཐིག་ཡ་བཞི། སྙིང་ཐིག་དུམ་གཉིས་སོགས་གླེགས་བམ་གང་མང་དང་། ཐུགས་རྟེན་ལ། ལྷ་ཁང་ཐང་གི་མཐའ་སྐོར་དུ་མཐོ་ཚད་ལ་ཁྲུ་སུམ་ཅུ་ཡས་མས་ཡོད་པའི་བྱང་ཆུབ་མཆོད་རྟེན་བདུན་དང་ལྷ་བབ་མཆོད་རྟེན་གཅིག་བཅས་མཆོད་རྟེན་བརྒྱད་ཡོད་པ་ཚང་མ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད། དེ་དག་ལས་ཀྱང་ལྷ་ཁང་ར་ནང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་དེ་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཡོད་པ་འདི་ལྟར། གནའ་སྔ་མོའི་དུས་ཡུལ་འདིའི་ཁྱད་དུ་འཕགས་པའི་ལྷ་ཁང་ཞིག་ལ་དགེ་འདུན་གྱི་སྡེ་བ་ཞིག་ཡོད་པས་ཡུལ་འདིའི་མིང་ལ་ལྷ་ཁང་ཐང་ཟེར། དེ་ཡང་ལྷ་ཁང་འདི་གསར་དུ་བཞེངས་པའི་ལོ་ཚིགས་སོགས་གསལ་པོར་མ་ངེས་ཀྱང་། འགའ་ཞིག་གིས་མངའ་བདག་ཁྲི་རལ་བ་ཅན་གྱི་དུས་སུ་ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱིས་སྣང་ར་ལྷུན་གྲུབ་ལྷ་ཁང་དང་།དྲན་པ་ནམ་མཁས་དབང་ཐང་ལྷ་ཁང་བཞེངས་ཞེས་གསུངས་པའི་དབང་ཐང་ལྷ་ཁང་འདི་ཡིན་པར་བཤད་པ་དང་།བླ་ཆེན་པོ་དགོངས་པ་རབ་གསལ་གྱི་ཞབས་ཟུང་འཁོར་ལོའི་རི་མོ་གནས་འདིར་སྒྱུར་སྐབས་ལྷ་ཁང་ཆོས་ཀྱི་སྡེ་ཚན་ལ་གཟིགས་ཏེ་ཐུགས་ཤིན་ཏུ་དགྱེས་ཤིང་ཡུལ་འདིར་ད་དུང་སངས་རྒྱས་ཀྱི་བསྟན་པ་གནས་འདུག་ཅེས་བསྔགས་བརྗོད་མཛད་པར་གྲགས། འདི་ལ་གཞིགས་ན་ལྷ་ཁང་འདི་བོད་ཡུལ་ན་བསྟན་པ་ཆེས་ཆེར་དར་བ་མངའ་བདག་ཁྲི་རལ་དུས་སྐབས་ཀྱི་ཡིན་དགོས་པས་ལོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། ང་བརྒྱད་ལོར་མཆོད་རྟེན་འདི་ལ་ཉམས་རྒུད་བྱུང་ནས་བང་རིམ་ཡན་ཆད་ཞིག་རལ་དུ་གྱུར་པ་དང་། གསེར་དངུལ་གྱིས་བྲིས་པའི་ནང་རྟེན་རྩ་ཆེན་ཐང་ག་དུ་མ་བོར་བརླག་བྱུང་ལ། ས་ཞིང་བདེ་སྙོམས་སྐབས་སུ་རྨང་བཤིག ཕྱིས་སུ་སྐུ་གསུང་ཐུགས་རྟེན་གཙོ་བོ་རྣམས་ལྷན་དུ་བསྡུས་ཏེ་བྱང་ཆུབ་མཆོད་རྟེན་ཆེན་མོ་དེ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བསྐྲུན། དེ་ལས་གཞན་ཏིང་ཀྱཱ་བདུད་འདུལ་རྡོ་རྗེའི་གཟིམ་ཁང་དེ་ཕྱིས་སུ་སྲས་བདེ་ཆེན་རྒྱལ་པོས་ཞིག་གསོ་མཛད་དེ་ཁོང་ཉིད་བཞུགས་པས་སྐྱབས་མགོན་སྒར་བ་ཟེར་བ་དེ་དང་། དེའི་ཉེ་འགྲམ་དུ་ཞེ་ཆེན་རབ་འབྱམས་པའི་སྒར་བ་གཉིས་ཀྱི་ནང་དུའང་སྐུ་གསུང་ཐུགས་རྟེན་གྱིས་ཡོངས་སུ་གང་བ་དང་། དབང་དྲག་འབར་བའི་ཕོ་བྲང་རྟེན་དང་བརྟེན་པ་བཅས་ཕུན་སུམ་ཚོགས་པ་བཞུགས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1