༄༅།།ཞིང་གྲོང་གི་དཔྱིད་ཀ

ཁམས་སྨྱོན་ཧེ་རུ་ཀ རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-30


 ཁམས་སྨྱོན་ཧེ་རུ་ཀ

    དཔྱིད་ཀ་སླེབས་བྱུང་། ངེས་མེད་ཀྱི་དཔྱིད་རླུང་ལྡང་བྱུང་། རྩྭ་སྐྱའི་གསེབ་ནས་སྔོ་ལོ་ཐར་ཐོར་རེའང་འཛུམ་བྱུང་། དཔྱིད་མགོ་མ་ཚེས་དུས། གྲང་ངར་གྱི་རེག་བྱ་རྩུབ་མོ་ཡང་ལྡང་ཞིང་འཕྱོ། དཔྱིད་རླུང་གློ་བུར་ལྡང་བའི་ལྷགས་རླུང་གིས་ས་རྡུལ་གྱིས་སྡུད་མ་འཕྱར་ཏེ་མཐོང་ལམ་མོག་པོར་བསྒྲིབས།
    དཔྱིད་ཀ་སླེབས་དུས་མགོ་གསར་བ་ཞིག་གི་སྣེ་དྲངས་ཏེ་བྲེལ་ཆེ་བ་ཞིག་ལ་འཇུག་དགོས་ཨང་། དཔྱིད་ཀ་སླེབས་དུས་མགོ་བོ་བཀྱགས་ནས་ས་གཞིའི་ཁམས་ལ་ལྟ་སྐབས། བསིལ་ཞིང་གྲང་ངད་ཆེ་བའི་དུས་ཤིག་དལ་གྱིས་བསླེབས་བྱུང་།
    དཔྱིད་ཀའི་ཞིང་གྲོང་གི་ས་སྲོད་འདིར། རི་སྒང་གི་དར་ལྕོག་ཧྲལ་ཧྲུལ་རླུང་བུས་འགུལ་ཙམ་འགུལ་ཙམ་གྱིས་གཡོ་བར་བྱེད། དཔྱིད་ཀ་བསླེབས་དུས་ང་ནར་སོན་པ་གཞི་ནས་ཚོར། ང་རང་ལོ་ཆུང་ཆུང་སྐབས་ཀྱི་གཤིས་ཀ་ནི་ཟང་ཟིང་ལ་དགའ་བའི་གཤིས་ཀ་ཞིག་ཡོད་ཚོད་འདུག ད་ནི་ལོ་ཚོད་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་པ་རང་གིས་ཀྱང་གསལ་པོར་ཚོར་ཡོང་། རྣམ་ཀུན་རང་ཉིད་གཅིག་པུ་ལྷོད་ལྷོད་ངང་སྡོད་ཐུབ་པར་གོ་སྐབས་མང་པོ་བཙལ་གྱི་ཡོད།
    དཔྱིད་ཀར་ང་ལ་ཕྱི་དྲན་མང་པོ་མང་པོ་ཞིག་མཆིས། དེ་ནི་ང་རང་ཨ་མའི་མངལ་སྒོ་ལས་ངུ་ངག་གི་དབྱངས་རྟ་དང་ལྷན་དུ་འཇིག་རྟེན་འདིར་མགྲོན་དུ་ཚེ་འཕོས་པའི་ཉིན་མོ་དེ་ནས་བཟུང་སྟེ། ང་རང་ཨ་མས་དྭངས་གཙང་གི་འཇིག་རྟེན་འདི་རུ་བརྩེ་བ་ཟོལ་མེད་ཀྱིས་བསྐྱངས་བ་དྲན་ལ། ང་ལ་ལྷིང་འཇགས་དང་བག་ཕེབས་ཀྱི་གཞིས་ཁྱིམ་བསྐྲུན་པའང་གཞི་ནས་རྟོགས། ངའི་དྲན་ངོགས་ན་རྟག་བརྟན་གྱི་བརྗིད་ཆགས་ལྟར་མངོན་པའི་ཕ་ཡུལ། འདས་ཟིན་པའི་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཁོ་བོས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་སྐྱོ་ཉིན་སྡེ་བ་ཞེས་པའི་ཞིང་གྲོང་གི་གྲོང་ཚོ་ཆུང་ཆུང་དེའང་ནམ་ཡང་བརྗེད་མི་སྲིད་པའི་གནས་སུ་གྱུར།
     ལོ་ཟླ་མང་པོ་རྡུལ་འཚུབ་བཞིན་གཡུགས་ཚར་རྗེས། དཔྱིད་ཀ་གཞི་ནས་བསླེབས་སོང་། དགུན་ཟླ་ཡལ་ནས་ཟླ་འགའ་འགོར་ཟིན། འདི་ལྟར་གོ་མེད་ཚོར་མེད་དུ་འདས་ཟིན་པའི་བྱིས་དུས་ཀྱི་འཚོ་བར་ཕྱིར་འདང་ཞིག་བརྒྱབ་ན། དཔྱིད་ཀ་ནི་རྡུལ་འཚུབ་ཐེངས་གཅིག་གཡུགས་པའི་འགྲོས་དང་མཚུངས་པར་ཉིད་ལ་ཕར་ལ་འདས་སོང་། ད་ནས་བཟུང་དཔྱིད་ཀ་ལ་རེ་སྒུག་བྱེད་མཁན་ང་ལས་གཞན་ཞིག་ཡོད་སྲིད་དམ།


རྩོམ་ཡིག་སྔོན་མ།
༄༅།།གའུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1