༄༅།།ཁྲི་ཀའི་ཡུལ་གྱི་ཆོས་ལུགས་ཆོ་གའི་ཁྲོད་ཀྱི་ཤ་འཆམ།

ཆུ་བཟང་པདྨ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-30





ཆུ་བཟང་པདྨ་ཚེ་རིང་།




        ཁྲི་ཀའི་ཡུལ་གྱི་ཆོས་ལུགས་ཆོ་གའི་ཁྲོད་ཀྱི་ཤ་འཆམ་ནི་ཁྲི་ཀའི་ས་ཆའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་ཪྙིང་མ་པའི་དགོན་པ་གང་གིས་ཀྱང་རང་རང་གི་དུས་སྟོན་དེར་ངེས་པར་འཆམ་པའི་ཆོས་ལུགས་ཀྱི་གར་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། རྒྱའི་སྐད་དུ“跳神”ཡང་ན“跳官经”ཟེར་ཞིང་། འདིའི་ནང་དོན་ལ་ཆོས་ལུགས་ཐད་ཀྱི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་མི་འཚེ་པ་རྩ་བར་བཟུང་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཡི་རྒྱུ་སྨིན་པར་གསོལ་འདེབས་དང་། མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ལས་བྲལ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བརྩོན་པ་ལ་བསྐུལ་ཞིང་། ཀུན་དང་མཐུན་པ་མི་ཆོས་རྩ་བ་ཡིན་ཞེས་པ་བཞིན། ཕྱི་ནང་གསང་གསུམ་ན་དགྲ་བགེགས་བར་ཆད་ཅི་ཡང་མིད་པར་སྨྲ་ཤེས་ཤིང་དོན་གོ་བ་དང་མི་གོ་བ་ཐམས་ཅད། རང་བྱུང་ཁམས་ཆེན་པོ་བཅས་འཆམ་མཐུན་ངང་ནས་གནས་ཐུབ་འབྱུང་རྒྱུར་རྟེན་འབྲེལ་བསྒྲིགས་ཏེ། རྒྱལ་ཁབ་བདེ་བ་དང་འགྲོ་བ་སྐྱིད་པའི་དཔལ་དམ་པར་རེ་སྙེག་བྱེད་པ་བཅས་མང་པོ་ལྡན།
        ཤ་འཆམ་འཆམ་པའི་མིའི་མགོ་ལ་ཤ་མགོའི་ཞལ་འབག་ཆེན་པོ་ཞིག་མནབས་ཏེ་མཁར་རྔ་དང་སྦུགདུང་ཆེན་སོགས་ཀྱི་རོལ་དབྱངས་དང་བསྡོངས་ནས་རི་དྭགས་ཤ་ཡི་མཆོང་སྟངས་དང་གཉིས་སུ་མ་མཆིས་པ་བྱས་ཏེ། སྟངས་སྟབས་སྣ་ཚོགས་བསྒྱུར་ཅིང་གཡས་གཡོན་ལ་གོམ་པ་ཆེན་པོའི་ངང་ནས་མཆོང་ལྡིང་བྱེད་པ་དང་། ལག་པ་དང་རྐང་པ། མགོ་བཅས་མཉམ་གཅིག་ཏུ་གཡོ་འགུལ་བྱས་ནས་མཐའ་སྐོར་གྱི་དད་ལྡན་མང་ཚོགས་ལ་རྔམ་བརྗིད་ཆེ་བའི་སྤྲོ་སེམས་ཤིག་ངང་གིས་བསྩལ། མཚམས་སུ་བར་ནས་འདོན་པའི་ཆོས་ཀྱི་ནང་དོན་ལྟར་སྟངས་སྟབས་དལ་ལ་མཉེན་ལྕུག་ལྡན་པ་བྱས་ཏེ་སངས་རྒྱས་ཀྱིས་འགྲོ་བ་ཀུན་ལ་བསླུ་མིད་ཀྱི་བྱམས་དང་སྙིང་རྗེ་ཡིས་གཟིགས་པ་མཚོན་པར་བྱེད་ལ། མཚམས་སུ་ལག་ཏུ་གྲི་དང་མདུང་། མདའ་སོགས་ཐོགས་ཏེ་འུར་བྲོ་འཆམས་ནས་དགྲ་འདྲེ་གདོན་བགེགས་ཐམས་ཅད་ཕར་སྐྲོད་གཏོང་བའི་སྙིང་སྟོབས་མཚོན།
        ཤ་འཆམ་འཆམ་པའི་སྐབས་སུ་བཙུན་པ་དང་སྔགས་པས་གུ་རུ་མཚན་བརྒྱད་དང་ཆོས་སྐྱོང་། ཡུལ་ལྷ། གཞི་བདག་སོགས་འཆམ་པ། འཆམ་པ་ཚང་མ་ནི་ལུས་ལ་བདེ་མྱུར་ཡོད་པའི་ན་གཞོན་དག་ཡིན་དགོས་ལ། མ་མཐའ་ཡང་མི་བརྒྱད་ལོངས་དགོས། མང་ན་མི་བཅུ་དྲུག་ཡིན།ལ་ལས་མགོ་ལ་ཀེང་རུས་དབུ་དགུ་དང་འུག་མགོ་སོགས་བྱ་རིགས་ཀྱི་ཞལ་འབག་མནབས་ཡོད་དེ། འཆམ་པ་ཚང་མ་ནས་ཆོས་ལུགས་ལས་བྱུང་པའི་ངག་རྒྱུན་གྱི་ལྷའི་སྣང་བཪྙན་དུ་སྤྲས་ནས་རོལ་ཆས་དང་སྦུག་ལ་སོགས་པའི་འགྲོས་དང་བསྟུན་ནས་འཆམས་པ་རེད། འདི་ཇི་ལྟར་དར་པའི་ལོ་རྒྱུས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པ་སྟེ། དཔྱད་གཞི་ཡིག་ཆ་ལྟར་ན་གདོད་མའི་བོད་ཀྱི་ལྷ་བབ་ཆོ་ག་རྗེས་སུ་རིམ་གྱིས་བོད་བརྒྱུད་ནང་བསྟན་དང་འབྲེལ་ནས་འཕེལ་རྒྱས་སུ་ཕྱིན་ཏེ་བོད་ཀྱི་དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཏུ་གྱུར། ། རིན་ཆེན་བཀྲ་ཤིས་ཀྱིས་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1