གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༠༦ཉིན།

ཞི་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཕེ་རུའི་ཙུང་ཐུང་པུས་སི་ཁཱ་ལཱ་དང་ཁ་པར་གྲོས་མོལ་མཛད། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། དུས་ལྟར་རྒྱལ་ཁབ་སོ་སོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་རིམས་ནད་ཀྱི་བརྡ་འཕྲིན་མཉམ་སྤྱོད་བྱས་ཏེ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོར་བྲེལ་མྱུར་དངོས་རྫས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། རྣམ་པ་མི་འདྲ་བ་སྤྱད་དེ་སྦ་གསང་ཅི་ཡང་མེད་པར་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱེད་པ། རིམས་འགོག་དངོས་རྫས་ཀྱི་ཕྱིར་གཏོང་ཐབས་ལམ་བཀག་མེད་དུ་བྱས་ནས། རྒྱལ་ཁབ་སོ་སོའི་རིམས་འགོག་ཚོད་འཛིན་ལ་རོགས་འདེགས་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་མཉམ་འགོག་མཉམ་འཛིན་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། རྒྱལ་སྤྱིའི་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས། 
        ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཕེ་རུ་དང་བཅས་པའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་དག་ཏུ་རིམས་ནད་རྒྱ་ཡན་དུ་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕེ་རུའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱི་ཁྱབ་ཁོངས་ནང་ཕེ་རུའི་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཡིན། སྐུ་ཉིད་ཀྱི་མགོ་ཁྲིད་འོག་ཏུ། ཕེ་རུ་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། མཉམ་དུ་རིམས་འགོག་བྱས་པ་བརྒྱུད་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཀྱང་ཇེ་ཟབ་ཏུ་འགྲོ་སྲིད། ཀྲུང་གོའི་ཕྱོགས་ཀྱིས་ཕེ་རུའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཕེ་རུའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་གསར་གཏོད་མཉམ་ལས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་། ཀྲུང་གོ་དང་ཕེ་རུའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ངེས་པ་དོན་གྱི་གྲུབ་འབྲས་མང་བོས་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བར་བསུ་བ་བྱེད་འདོད་ཡོད་ཅེས་གསུངས། 
        པུས་སི་ཁཱ་ལཱ་ཡིས་བསྟན་དོན། ཕེ་རུ་དང་ཀྲུང་གོའི་འབྲེལ་བ་བཟང་ཞིང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོའི་ཁེ་ལས་ཀྱི་དངུལ་གཏོང་གིས་ཕེ་རུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཕེ་རུའི་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཀྲུང་གོའི་ཕྱོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚོད་འཛིན་བྱས་ཡོད་པ་དང་། རྩ་འཛུགས་ནུས་པ་དང་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རིན་ཐང་ལྡན། ཀྲུང་གོའི་ཕྱོགས་ཀྱིས་ཕེ་རུའི་རིམས་འགོག་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་པ་ནང་བཞིན་ཐེངས་འདིའི་རིམས་ནད་ལས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་གལ་འགངས་ཧ་ཅང་ཆེ་བ་མཚོན་པ་དེར་གཟེངས་བསྟོད་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1