༄༅།།ཁྲི་ཀའི་དྲུག་པའི་ལྷ་རྩེད།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-06


རམས་ཚེ་བྷོ།



        ཁྲི་ཀའི་ཡུལ་གྱི་ལྷ་རྩེད་ཅེས་པ་ནི་གནས་དེའི་ཁྲི་སྡེ་སྟོང་གི་བདག་ཉིད་ཅན། རྟེན་སྲུང་ཆེན་མོ་ཨ་མྱེས་ཡུལ་ལྷ་སྤུན་མཆེད་གསུམ་གྱིས་ལོ་གཅིག་གི་རིང་ལ་ཡུལ་ལུང་སོ་སོ་རུ་འགྲོ་དོན་མཛད་དེ་ཕན་ཚུན་ཞལ་མཇལ་དང་ལྷན་འཛོམས་ཡོང་བའི་ཆེད་དུ། ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། ཡུལ་དེའི་བླ་དཔོན་གང་མང་དང་མི་སེར་ཀུན་གྱིས་ཞུ་འབོད་དང་དད་གུས་ཁྲོད་ནས། ཁྲི་ཀའི་མི་ཉག་དགུ་ཐོག་ཆེན་མོའམ་ཆོས་རྒྱལ་ལྷ་ཁང་དུ་འབོད་པའི་ཐང་དཀྱིལ་དུ(ད་ལྟ་རྒྱ་ཆེར་ལྟད་མོ་པ་འདུ་འཛོམས་ཡོང་བར་སྟབས་བདེ་བའི་ཆེད་དུ་ཁྲི་ཀའི་རྨ་འགྲམ་སྤྱི་གླིང་དུ་ལྷ་རྩེད་ཀྱི་ཆོ་ག་རོལ་བཞིན་ཡོད)སྤུན་མཆེད་གསུམ་པོ་ཡུན་རིང་མ་མཇལ་བའི་ཐུགས་འཕྲད་གསོལ་སྟོན་བཤམས་པ་དང་། གླུ་དབྱངས་ལེན་པ། བྲོ་གར་འཁྲབ་པ་བཅས་ཀྱི་རྩེད་མོར་རོལ་བ་ནི་ཁྲི་ཀའི་ལྷ་རྩེད་ཅེས་པའི་དུས་སྟོན་གྱི་སྲོལ་ཐོག་མ་ཡིན། ངག་རྒྱུན་དུ་ཁྲི་ཀའི་ཤན་འབུམ་ཐང་ངམ་རྨ་ཆུ་སྔོན་མོའི་རབ་ཁ་ན་བཞུགས་པའི་ཨ་མྱེས་ཡུལ་ལྷའམ། སྟོང་ཆེ་སྡེ་བའི་ཨ་མྱེས་རྒྱ་ཐང་། ཆོས་ཙེ་ཡུལ་གྱི་ཨ་མྱེས་རི་ལང་གསུམ་ནི་སྤུན་མཆེད་ཡིན་པར་བཞེད་ལ། སོ་སོར་གཞལ་དུ་མིད་པའི་ནུས་མཐུ་ངོ་མཚར་བ་ཡོད་པས་ན། ཡུལ་འདིའི་སྐྱེ་འགྲོ་ཀུན་གྱི་སྐྱེ་བ་འདིའི་དགྲ་འདྲེ་གདོན་བགེགས་གཤེད་ཀྱིས་མི་བཏུབས་པ། རིམས་དང་ནད་ཀྱིས་མི་འཚེ་གོད་ཆག་མི་འབྱུང་བ་སྐྱབས་རྟེན་སྲུང་ཆེན་མོ་ཨ་མྱེས་ཡུལ་ལྷར་མཆོད་བཀུར་བྱེད་པ་དང་། རྐུན་ཇག་དང་མ་རུངས་འཇིགས་བྲལ་སྐྱབས་བཅོལ་ཨ་མྱེས་རྒྱ་ཐང་། ཐན་དང་སེར་འཇོམས་ལོ་ལེགས་སྩོལ་བའི་སྐྱབས་འདུན་ཨ་མྱེས་རི་ལང་བཅས་ཡུལ་འདིའི་མི་སེར་ཀུན་གྱི་མཆོད་པའི་གཙུག་ཏུ་བཀུར་བའི་རྟེན་སྲུང་གསུམ་གྱིས་སྐལ་བ་དཔག་ཏུ་མིད་པར་ས་དེའི་འགྲོ་དོན་བསྐྱངས་པ་ལ་བཀའ་དྲིན་གཞལ་ཕྱིར་དང་། དད་གུས་མི་ཏོག་མཆོད་འབུལ་གྱི་ཚུལ་དུ། སྔོན་གྱི་ཚེ་ན་ཁྲི་ཀའི་ཡུལ་གྱི་སྟོང་དཔོན་ཆེན་མོ་དང་། མཱ་དབྱིན་ཧེ་ཧྲི་ཀྲང་། ད་ལྟའི་རྫོང་སྲིད་གཞུང་བཅས་ཀྱིས་གདན་ཞུའི་གསོལ་སྟོན་གྱི་ཁྲོད་ནས་ཁྲི་ཀའི་ལྷ་རྩེད་ཀྱི་རྩེ་མཚར་ལ་རོལ་བ་ཡིན། ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཡུལ་ལུང་སོ་སོའི་དད་ལྡན་མང་ཚོགས་དང་རྟེན་སྲུང་སྤུན་གསུམ་བཞུགས་པའི་ཕོ་བྲང་གི་ཞབས་རྟེན་མི་སྣས་ལྷ་རྩེད་ལ་སྟ་གོན་བྱེད་ཅིང་། དེ་ལས་བསང་གསུར་གྱི་མཆོད་པ་དང་། ཞབས་ཁྲུས། མནོལ་སེལ། བསྐང་འདོན། མཆོད་འབུལ། དག་གཙང་བཅས་ཀྱི་འཛེམ་བྱ་དུ་མ་སྲུང་བ་དང་། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་སྐྱ་རེངས་ཀྱི་སྐབས་སུ་བསྐང་གསུར་རྒྱ་ཆེན་གཏོང་བ་དང་མཉམ་དུ་ལྷ་ཆེན་པོ་གསུམ་རང་རང་གི་ཕོ་བྲང་ནས་སྒོར་ཞུས་ཏེ། སོ་སོས་མཆོད་བཀུར་གྱི་གཞི་བདག་ལ་ཕྱག་འཚལ་བའམ་རང་རང་གི་བླ་མའི་ཞབས་པད་སྤྱི་བོས་བཏེགས་ཏེ། ལྷ་སྡེ་གཡང་གི་དུད་ཁྱིམ་རེ་རེར་རྡོག་པས་མནན་རྗེས་འབུད་རྡུང་དཀྲོལ་གསུམ་གྱི་དབྱངས་རྟ་དང་བསྡོངས་ནས་རྫོང་མཁར་དང་ཁད་ཉེ་བའི་བརྒྱ་བྱིན་ལྷ་ཁང་གི་ཐང་དཀྱིལ་དུ་ཐོན་པ་ན། སྐུ་ཁྱོགས་འདེགས་མཁན་གྱི་མི་རྣམས་ཨ་ཐང་ཆད་དེ་མཚམས་རེར་གཡས་ལོག་གཡོན་ལོག་བྱེད་པ་དང་། མཚམས་རེར་དགའ་ཐག་ཆོད་དེ་ས་ལྡིང་གནམ་ལྡིང་བྱེད་པ། ལན་རེར་རྟེན་གསུམ་ཡུན་རིང་མ་མཇལ་བའི་སྡུག་བསྔལ་གྱིས་མིག་ཆུ་འདོན་པ་སོགས་བྱེད་པས་ན།
        དཔོན་ཆེན་གྱིས་འབུལ་བ་གནང་བ་དང་མི་སེར་གྱིས་རྟེན་སྲུང་ལ་ཞལ་མཇལ་ཞུ་བ། གླུ་པས་གླུ་ལེན་པ། གར་པས་བྲོ་འཁྲབ་པ། གྲྭ་སེར་ཚོས་སྨོན་ལམ་གསུངས་པ་བཅས་ངོ་མཚར་བའི་ལྟས་དང་བཅས་རྟེན་གསུམ་ལྷན་འཛོམས་ཀྱི་སྒོ་ནས་ཡུལ་ལྷའི་ཕོ་བྲང་དུ་སྤྱན་དྲངས་ཏེ་ཉིན་གསུམ་གྱི་རིང་ལ་ཞག་བཞུགས་གནང་རྗེས་སླར་རང་རང་སོ་སོའི་ཕོ་བྲང་དུ་ཕེབས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1