༄༅། །གླིང་གེ་སར་ནི་བོད་ཡུལ་དུ་དངོས་སུ་འཁྲུངས།

གངས་རིའི་ཆུ་ཐིགས། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲྭ་ཚིགས། སྤེལ་དུས། 11-25


བླ་རུང་།

དྲན་པ་ཙམ་གྱིས་སྣང་སྲིད་དབང་དུ་འདུ།།

འབོད་པ་ཙམ་གྱིས་ཕྲིན་ལས་ཐོགས་མེད་མྱུར།།

སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ཡིས།།

དུས་གསུམ་ཀུན་ཏུ་ཤིས་པའི་སྣང་བ་སྩོལ།།

གླིང་ཡུལ་དབྱུག་འཛིན་དགའ་མའི་འཕང་བ་རུ།།

སྲིད་པའི་མངལ་ལས་གྲོལ་བའི་དན་རྟགས་སུ།།

ཆེ་བ་བརྗོད་པའི་སྨྱུག་རྩེའི་རོལ་མོ་འདི།།

ས་ལའི་སྤུན་སྲིང་འདྲེན་བྱེད་སྐྱེས་སུ་འབུལ།།

སྔོན་དུས་རྫོགས་ལྡན་སྐལ་བའི་དུས་ཚིགས་སུ།།

མི་འཇིགས་ཤཱཀ་ཐུབ་སེང་གེའི་ང་རོ་ཡིས།།

འཇམ་དཔལ་མཚན་ལས་བརྗོད་པའི་ལུང་བསྟན་སྒྲ།།

བསྒྲགས་པའི་བདེན་རྟགས་གཟེངས་སུ་མཐོ་བར་བྱས།།

ཐ་མར་དུས་ཀྱི་སྙིགས་མའི་མར་ཤམ་འདིར།།

མཚོ་འཁྲུངས་པདྨའི་རྒྱལ་ཚབ་གངས་རིའི་མགོན།།

ཡབ་རྗེ་འཇིགས་མེད་ཕུན་ཚོགས་དཔལ་བཟང་པོས།།

སྔོན་གྱི་གཏད་རྒྱ་སད་པའི་མཐུ་བརྟས་དང་།།

འཁོར་སློབ་དག་པའི་མཐུན་སྦྱོར་འོད་དཀར་གྱིས།།

བདེན་པའི་གཟི་འོད་མགོ་ལོག་ཡུལ་ལ་སྤྲོས།།

གོ་ཆའི་སྐོར་གྱི་འཁོར་སུམའཁྲབ་མོག་སོགས།།

དངོས་སུ་ཐོན་པས་བདེན་རྟགས་འདི་ལས་ཅི།།

འདི་ནི་ཕྱོགས་རེ་བ་ཡི་གཡོ་གཏམ་མིན།།

འདི་ལས་གེ་སར་དམག་གི་རྒྱལ་པོ་ཁོང་།།

དངོས་སུ་འཁྲུངས་པའི་དན་རྟགས་རྡོ་རིང་ཡིན།།

ངེད་ཅག་མགོ་ལོག་པ་ཡི་གཟི་བརྗིད་ཡིན།།

གེ་སར་ཁེ་ས་ཇིང་གིར་ཇོ་སྲས་སོགས།།

ཡིན་ཞེས་ཕྱི་ནང་མི་ཚོགས་འགའ་རེས་ནི།།

ཁ་རུ་ལྗགས་ཀྱི་མཉེན་ལྕུག་བབ་ན་ཡང་།།

ལོ་རྒྱུས་མི་ཤེས་དན་རྟགས་རྒྱུ་རུ་འཁུམས།།

དེ་ལྟའི་ལུང་དང་དངོས་བྱུང་མཛད་པ་དེས།།

ཨ་དཀར་འོད་ཀྱི་ཝེར་མ་དཀར་པོ་ཡི།།

ཕྲིན་ལས་མི་ནུབ་སྐལ་བརྒྱའི་དུ་ཡང་།།

གོང་ནས་གོང་དུ་འཕེལ་བའི་ཤིས་སྨོན་འཇོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1