གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༠༨ཉིན།

བོད་ལྗོངས་གོ་འཇོ་རྫོང་གིས་དབུལ་སྐྱོར་ཐོན་ལས་སྟོབས་ཆེར་བཏང་བའི་མཐོང་ཐོས།


        
འདི་ནི་ཟླ5བའི་ཚེས2ཉིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་ནས་པར་བླངས་པའི་ཨ་དབང་ལུག་གསོ་སྤེལ་རྟེན་གཞི་རེད། 

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཚུགས་སྐབས་སུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དུ་གནས་པའི་ཨ་དབང་ཤང་གི་འབྲོག་ར་སྔོ་ཐིང་ཐིང་དུ་གྱུར་ཡོད་ལ། གོ་འཇོ་རྫོང་གི་འབྲོག་པས་གསོས་པའི་ལུག་ལ་ས་གནས་དེ་གའི་མིས“ཨ་དབང་ལུག”ཅེས་འབོད་ཀྱིན་ཡོད། ལོ་ངོ་སྟོང་ཕྲག་རིང་སྐྱེ་འཕེལ་བྱུང་བའི་ཨ་དབང་ལུག་ནི་ད་ལྟའི་ཆབ་མདོ་གྲོང་ཁྱེར་གྱི་ཁྱད་ལྡན་སྤུས་རྟགས་ཤིག་ཡིན་པ་མ་ཟད། མང་ཚོགས་དབུལ་ཐར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་རྐང་འཛིན་ཐོན་ལས་ཤིག་ཏུའང་གྱུར་ཡོད། 

འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨ་དབང་ཤང་གི་འབྲོག་རར་ལུག་གིས་རྩྭ་ཟ་བཞིན་པའི་ཚུལ་རེད།
        གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གྱི་ཨ་དབང་ལུག་གསོ་སྤེལ་རྟེན་གཞིར་བསྐྱོད་པའི་ཚེ་དེང་རབས་ཅན་གྱི་ལུག་ར20གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། གཟན་ཆས་ལས་སྣོན་བཟོ་གྲྭ་དང་བཤས་གཏོང་ཁག་བགོས་འཁོར་ཁང་། ཕྱུགས་ནད་སྨན་ཁང་། ལུད་བསྙལ་འཁོར་ཁང་སོགས་སྒྲིག་བཀོད་ཆ་ཚང་ཡོད། རྟེན་གཞིའི་འགན་འཁུར་བ་སྐལ་བཟང་ཚེ་རིང་གིས་ད་ལྟ་གསོ་སྤེལ་རྟེན་གཞིར་ལུག3400ལྷག་ཙམ་ཡོད། “རྩྭ་སྐམ་དང་སྔོ་རྩྭ་གསོག་འཇོག་བྱས་ཡོད་པ་མ་གཏོགས། ད་དུང་མ་རྨོས་ལོ་ཏོག་དང་། གྲོ་ལྤགས། སུའུ་ཏ་སོགས་ཀྱིས་བཟོས་པའི་གཟན་ཆས་སྤུས་ལེགས་སྟེར་གྱིན་ཡོད།”ཅེས་བཤད།
ཨ་དབང་ལུག་གི་སྤུས་རྟགས་གཏོད་ཆེད་གོ་འཇོ་རྫོང་གིས་སྔོན་ཐོན་གསོ་སྤེལ་ལག་རྩལ་ནང་འདྲེན་བྱས་ཏེ“ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་སྟངས་བཙུགས་ནས་ཨ་དབང་ལུག་གི་ཐོན་ལས་མ་ལག་ཆེད་ལས་ཅན་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་རོང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། 

འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨ་དབང་ཤང་གི་འབྲོག་རར་ལུག་གིས་རྩྭ་ཟ་བཞིན་པའི་ཚུལ་རེད།
        རྟེན་གཞིའི་འགན་ཁུར་བ་སྐལ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གོ་འཇོ་རྫོང་གིས་ཨ་དབང་ལུག་གསོ་སྤེལ་ཡུན་རིང་བྱེད་འདོད་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་སྐྱོར་རང་བཞིན་གྱི་ལུག20ནས50བར་སྤྲད་པ་དང་གསོ་སྤེལ་བྱས་ན་ལོ་གཅིག་གཉིས་ནང་བཤས་གཏོང་ཐུབ་པ་རེད། 2019ལོར་གསོ་སྤེལ་རྟེན་གཞིས་སྒོར་ཁྲི228བཏང་ནས་ཤང(གྲོང་རྡལ)6གི་མང་ཚོགས་དུད་ཚང800ལྷག་ཙམ་གྱི་ཁྱིམ་ནས་ལུག2400ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར2850བྱུང་བའི་ནང་མང་ཆེ་བ་དུད་ཚང་དབུལ་པོ་ཡིན་པ་རེད། ལུག་གསོ་བ་མ་གཏོགས་ས་གནས་དེ་གའི་མང་ཚོགས་ལ་གཟན་རྩྭ་བཏབ་པར་ཡོང་འབབ་ཡོད་པ་དང་ས་བོན་སྲིད་གཞུང་གིས་རིན་མེད་ངང་མཁོ་འདོན་བྱེད་ཀྱིན་ཡོད། 2019ལོར་གསོ་སྤེལ་རྟེན་གཞིས་མང་ཚོགས་ཀྱི་ལག་ནས་གཟན་རྩྭ་ཏུན200ཉོ་སྒྲུབ་བྱས་པར་སྒོར་ཁྲི84བཏང་བ་དང་མང་ཚོགས་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར2600ཟིན་ཡོད་པ་རེད། 
        གསོ་སྤེལ་རྟེན་གཞིས་ད་དུང་ཉེ་འགྲམ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་དབུལ་པོ10ལས་ཞུགས་བརྟན་པོ་ཐུབ་པར་བྱས་པ་དང་མི་རེར་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར2300ལྷག་ཙམ་ཡོད་པ་རེད། 
འདི་ནི་ཟླ5བའི་ཚེས2ཉིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་ནས་པར་བླངས་པའི་ཨ་དབང་ལུག་གསོ་སྤེལ་རྟེན་གཞི་རེད། 
        ས་གནས་དེ་གའི་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན། ཨ་དབང་ལུག་གི་སྐད་གྲགས་ཆེ་རུ་ཕྱིན་ནས་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་ཀྱི་མངགས་ཐོ་རྒྱུན་ཆད་མེད་པར་ཡོང་། ཨ་དབང་ལུག་གསོ་སྤེལ་ཐོན་ལས་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་མང་ཚོགས་ལ་ཡུན་རིང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར་གོ་འཇོ་རྫོང་གི་མང་ཚོགས་ཀྱིས་ཨ་དབང་ལུག་གསོ་སྤེལ་བྱེད་ཚད་ཁྲི1.2ལས་མེད་པ་དང་། ད་ལྟ་རྫོང་ཡོངས་ཀྱི་ཨ་དབང་ལུག་གསོ་སྤེལ་བྱེད་ཚད་ཁྲི4.2ཟིན་ཡོད་ལ། 2025ལོར་རྫོང་ཡོངས་ཀྱི་ཨ་དབང་ལུག་གསོ་སྤེལ་བྱེད་ཚད་སྔོན་དཔག་བྱས་ན་ཁྲི13སླེབས་རྒྱུ་ཡིན་པ་རེད། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1