སྤྱི་ཁྱབ་ཧྲུའུ་ཅིས་གྲོས་ཚོགས་གལ་ཆེན་འདི་འདྲ་ཞིག་གཙོ་སྐྱོང་གནང་བ།

མིག་དམར་རྒྱ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-08


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་སེང་གསན་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཞིབ་འཇུག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཟླ་5པའི་ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་སེང་གསན་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཞིབ་འཇུག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་མཛུབ་ཁྲིད་ཚོགས་ཆུང་མངགས་ཏེ་ཏང་ཀྲུང་དབྱང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའུ་པེའི་མི་དམངས་དང་ཝུའུ་ཧན་གྱི་མི་དམངས་དང་དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱས་ཏེ། འབྱུང་རྩའི་སྔོན་འགོག་ཚོད་འཛིན་དང་། ནད་པ་སྐྱོབ་བཅོས། དངོས་ཟོག་འགན་ལེན་བཅས་ཀྱི་གཙོ་གནད་རྣམ་གྲངས་གསུམ་ལ་དམ་འཛིན་ཡག་པོ་བྱས་པ་དང་། ནུས་ཤུགས་ཆེན་པོས་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་ཚོད་འཛིན་བྱས་པ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་དང་པོ་འབད་བརྩོན་ཆེན་པོས་སྲུང་བ། ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཆོད་བཅས་མངོན་པར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། ཕྱི་རྒྱལ་དུ་རིམས་ནད་འགོས་ཁྱབ་འགྲོ་ཚུལ་བཀག་འགོག་ནུས་ལྡན་ཐུབ་མེད་ཁར། རྒྱལ་ནང་གི་ས་ཆ་ཁ་ཤས་སུ་རུབ་འདུས་རང་བཞིན་གྱི་རིམས་ནད་ཐོན་པ་དང་། ཏོག་གསར་གློ་ཚད་རིམས་ནད་ལ་གཏན་འཁེལ་བྱ་ཐབས་མེད་པ་མང་པོ་གནས་ཡོད། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་འཕྲལ་སྒྲུབ་རྣམ་པའི་རྒྱུན་སྲོལ་ལས་བརྒལ་བའི་སྔོན་འགོག་ཚོད་འཛིན་ནས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལ་བསྒྱུར་བ་དེས་སྔོན་འགོག་ཚོད་འཛིན་བྱ་ཐབས་ལྷོད་དུ་སོང་བ་མཚོན་གྱི་མེད། ཏང་ཀྲུང་དབྱང་གིས་མཉམ་འབྲེལ་ཚོགས་ཆུང་མུ་མཐུད་མངགས་གཏོང་བྱས་ཏེ་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་དང་། དྲག་སྐྱེད་བྱུང་བའི་ནད་པའི་ལུས་གསོ་དང་སེམས་ཁམས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མུ་མཐུད་མཛུབ་ཁྲིད་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། ཕྱི་ནས་ཡོང་བའི་ནད་པ་བཀག་འགོག་དང་ནང་ཁུལ་དུ་བསྐྱར་ལོག་མི་རྒྱག་པ། ལྷོད་གཡེང་སྤུ་ཙམ་མི་ཤོར་བའི་ཐོག་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་ལས་རྐང་རྗེས་ལག་སུབ་གཏན་ནས་བྱ་རྒྱུ་མེད། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་གང་མགྱོགས་ཡོང་བ་བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཅེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་ལེན་ཁྲོད་གོ་ཆོད་ཀྱི་བྱ་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཐོན་པའི་གནད་དོན་ལ་གཞིགས་ནས་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཉམས་ཞན་ལྷུ་ཚིགས་ཤུགས་ཆེར་གཏོང་བ། གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་ལེགས་སུ་གཏོང་བ། ནད་གཞི་སྔོན་འགོག་ཚོད་འཛིན་མ་ལག་ལ་བསྒྱུར་བཅོས་བྱེད་པ། རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་ཚབས་ཆེན་དང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་དོ་དམ་དང་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྔོན་འགོག་རྒྱུན་འཁྱོངས་བྱ་རྒྱུ་གཙོ་བོར་འཛིན་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་སྟངས་གསར་གཏོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་དང་། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེར་གཏོང་བ། ཡ་རབས་སྐྱོན་བྲལ་དང་སྦགས་མེད་ཁོར་སྲུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1