བོད་ལྗོངས་ཀྱི་གུ་གེའི་གནའ་ཤུལ་འོག་སྦྲང་དཀར་རྩམ་པས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-14



          ཉིན་ཤས་མ་འགོར་པར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་སྤུ་གླིང་གྲོང་ཚོའི་པད་མ་རྒྱལ་གྲོང་ཚོའི་རྩམ་པ་ལས་སྣོན་བཟོ་གྲྭར་ལས་ཀ་བྱེད་པར་འགྲོ་གི་ཡོད། རྩམ་པ་ལས་སྣོན་བཟོ་གྲྭ་དེ་ནི2017ལོར་ས་གནས་དེ་གས་མཐའ་དར་དམངས་ཕྱུག་མ་དངུལ་དང་དབུལ་སྒྲོལ་མ་དངུལ་བསྡུ་སྒྲིལ་བྱས་ནས་སྒོར་ཁྲི176བཏང་ནས་གསར་དུ་བསྐྲུན་པ་ཞིག་ཡིན་ཏེ། ས་ཁྱོན་སྨི་ངོས་གྲུ་བཞི་མ400ལྷག་ཙམ་ཟིན་པའི་ལས་སྣོན་བཟོ་གྲྭར་རྩམ་པ་ལས་སྣོན་བྱེད་པར་མཁོ་བའི་འཁྲུད་བཤལ་དང་རང་འཐག་སོགས་ཀྱི་སྒྲིག་ཆས་ཀྱིས་ཆེད་དུ་རྩམ་པ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། 
          གུ་གེའི་གནའ་ཤུལ་གྱི་གཤམ་དུ་གནས་པའི་སྤུ་གླིང་གྲོང་ཚོ་ནི་རྩྭ་མདའ་རྫོང་གྲོང་དང་བར་ཐག་སྤྱི་ལེ18ཡོད་ཅིང་། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི3900ཡས་མས་ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ7རེད། གནམ་གཤིས་དང་ཆུ་ཁུངས། ས་རྒྱུ་བཅས་འདེབས་འཛུགས་ལ་འཚམ་པའི་ཁོར་ཡུག་འདིར་ནས་ནི་ལོ་མང་པོར་སྐྱེ་ཐུབ་པ་བྱུང་ཡོད།

   འདི་ནི་གུ་གེའི་གནའ་ཤུལ་གྱི་འདབས་རོལ་དུ་སྤུ་གླིང་གྲོང་ཚོའི་གྲོང་མིས་དཔྱིད་རྨོད་བྱེད་བཞིན་པ་རེད།


    འདི་ནི་སྤུ་གླིང་གྲོང་ཚོའི་རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭར་སྤྱོད་པའི་ལྷད་མེད་རྒྱུ་ཆ་རེད། 

          སྤུ་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་བསྟན་འཛིན་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་དོན། རྩམ་པ་ལས་སྣོན་བཟོ་གྲྭར“རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭ”ཞེས་འབོད་པར་ཡོང་ཁུངས་ངེས་ཅན་ཞིག་ཡོད་དེ། “ང་ཚོའི་གྲོང་ཚོར་ཚོགས་ཆུང་ཞིག་ལ‘རྡོ་གཤམ’ཞེས་འབོད་ཀྱི་ཡོད་དེ། འདི་ག་ནས་ཐོན་པའི་ནས་ནི་ས་གནས་གཞན་དག་དང་བསྡུར་ན་ཐུན་མིན་ཁྱད་ཆོས་ལྡན་པ་ཞིག་སྟེ། རང་འཐག་ནས་ཐོན་པའི་རྡོ་གཤམ་རྩམ་པ་ནི་དེ་སྔར་གུ་གེའི་རྒྱལ་རབས་ཀྱི་མཆོད་རྫས་བྱས་མྱོང་པས་སྐད་གྲགས་ཤིན་ཏུ་ཆེན་པོ་ཆགས་ཡོད་”ཟེར།
          ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། རྡོ་གཤམ་རྩམ་པ་ནི་ནས་ཀྱི་ཐོན་འབབ་སོགས་ཀྱིས་རྐྱེན་པས་མི་རྣམས་ཀྱི་མཐོང་ལམ་ནས་རིམ་བཞིན་མཐོང་རྒྱུ་མེད་པར་གྱུར་ཏེ་ས་གནས་དེ་གའི་མི་རྣམས་ལ་བཞག་པནི་དྲན་འཆར་ཙམ་ལས་ལྷག་མེད། “ཉེ་བའི་ལོ་ཤས་རིང་། ཕྱོགས་མང་གི་ཐུན་མོང་འབད་བརྩོན་འོག་རྡོ་གཤམ་རྩམ་པ་སླར་ཡང་མི་རྣམས་ཀྱི་མཐོང་ལམ་དུ་མངོན་པར་གྱུར་མོད།  དེ་ལྟར་ནའང་ཁྱིམ་ཚང་གི་ཐོན་སྐྱེད་བྱེད་པའི་གཉེར་སྟངས་ཀྱི་དབང་གིས་རྡོ་གཤམ་རྩམ་པ་ནི་སྤུ་གླིང་གྲོང་ཚོ་དང་ཉེ་འགྲམ་གྱི་ཤང་གྲོང་ཙམ་དུ་མ་གཏོགས་འཚོང་ཐུབ་ཀྱི་མེད།” 
          2015ལོར་སྤུ་གླིང་གྲོང་ཚོར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཆེད་དུ་གྲོང་མིས་རང་ཁྱིམ་དུ་འཐག་པའི་རྩམ་པ་ཉོས་ནས་གཅིག་གྱུར་ཐོག་ཕྱིར་ཚོང་བྱས་པ་རེད། “མཉམ་ལས་ཁང་བཙུགས་པའི་ལོ་དེར་གྲོང་མི10དེའི་ནང་ཞུགས་ཡོད་པ་དང་། ལོ་དེར་ཁེ་སྤོགས་ཡོད་པར་གྱུར་ཏེ་མི་རེར་སྒོར800ལྷག་ཙམ་བགོས་ཡོད།”ཁེ་སྤོགས་ཉུང་ཡང་དེའི་ནང་ཞུགས་མཁན་གྲོང་མི་ཚོར་ཁེ་བཟང་རག་ནས་གྲོང་མི་དེ་བས་མང་བས་མཉམ་ལས་ཁང་ལ་རྩམ་པ་འཚོང་འགོ་ཚུགས་པ་རེད། 

    འདི་ནི་སྤུ་གླིང་གྲོང་ཚོའི་རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭའི་ཕྱི་ལྗོངས་རེད།


    འདི་ནི་སྤུ་གླིང་གྲོང་ཚོའི་རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭའི་ནང་ཁུལ་རེད།

 
    འདི་ནི་སྤུ་གླིང་གྲོང་ཚོའི་རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་རྡོ་གཤམ་རྩམ་པ་རེད།

 
    འདི་ནི་སྤུ་གླིང་གྲོང་ཚོའི་རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭའི་ནང་ཁུལ་རེད།

          2017ལོའི་ཟླ12པར་རྡོ་གཤམ་རྩམ་པ་ལས་སྣོན་བཟོ་གྲྭ་དངོས་སུ་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ་རྡོ་གཤམ་རྩམ་པ་ཡང་ཁྱིམ་ཚང་གི་བཟོ་ཁང་རྣམ་པའི་ཐོན་སྐྱེད་ནས་བཟོ་གྲྭའི་རྣམ་པ་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བར་འགྱུར་ལྡོག་བྱུང་པ་རེད། 
          བསྟན་འཛིན་སྒྲོལ་དཀར་གྱིས་རྡོ་གཤམ་རྩམ་པ་བཟོ་གྲྭས“ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་པའི་དུད་ཁྱིམ་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་འཁོར་རྒྱུག་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མ་མ་རྐང་ནང་ཞུགས་ཡོད། ལོ་རེར་ཁོང་ཚོར་མ་རྐང་དབང་ཆའི་ཁེ་སྤོགས་བགོ་རྒྱུ་ཡོད་པ་མ་ཟད། རྩམ་པའི་བཟོ་གྲྭར་ནས་འཚོང་བ་དང་རྩམ་པའི་བཟོ་གྲྭར་ལས་ཀ་བྱེད་པར་བསྐྱོད་ནས་ཡོང་འབབ་ཀྱང་རག་གི་ཡོད་པ་རེད། 
          ད་ལོར་ལོ་ན51ལ་སླེབས་པའི་པདྨ་རྒྱལ་པོའི་བཟའ་ཟླར་ནད་གཞི་ལྕི་པོ་ཕོག་སྟེ་ནད་གཡོག་བྱེད་དགོས་པས་ཕྱིར་གླ་པར་སྐྱོད་མ་ཐུབ། “རྩམ་པའི་བཟོ་གྲྭ་བསྐྲུན་རྗེས་ངས་བཟོ་གྲྭའི་ནང་གླ་པ་བྱེད་ཀྱི་ཡོད། ཉིན་ལྟར་འགྲོ་ཐུབ་ལ་ཆུང་མར་ཡང་ལྟ་རྟོག་བྱེད་ཐུབ”ཅེས་པདྨ་རྒྱལ་པོས་ན་ནིང་ཁོས་རྩམ་པའི་བཟོ་གྲྭར་ཡོང་འབབ་སྒོར་ཁྲི1.2རག་པའི་ཁར་ནས་རྒྱ་མ900ལྷག་ཙམ་རྩམ་པར་བཙོངས་པས་ཡོང་འབབ་སྒོར་ཁྲི1.5ཙམ་བྱུང་ཡོད་ཅེས་ཟེར་ལ། ཁོས“དེ་ནི་རྩམ་པ་བཟོ་གྲྭའི་ཁེ་སྤོགས་བགོ་བ་དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལ་བརྩི་གི་མེད། ཁྱིམ་གྱི་འཚོ་བ་གྲོང་ཚོའི་ནང་གི་མི་གཞན་དང་བསྡུར་ཐབས་མེད་མོད། དེ་ལྟར་ནའང་དེ་སྔ་དང་བསྡུར་ན་ཧ་ཅང་ཡག་ཏུ་ཕྱིན་ཡོད”ཟེར།
          ས་གནས་དེ་གའི་གྲོང་མིའི་ཁྱིམ་ནས་ནས་ཉོ་བ་དང་། གཙང་འཁྲུ་བྱེད་པ།གཙང་དག་བྱེད་པ། ཉི་མར་སྐམ་རྗེས་བརྔོ་བ། དེ་ནས་སླར་ཡང་བརྔོ་དགོས་པའི་ནས་ལ་གཙང་དག་བྱེད་པ། རྩམ་ཁུག་ཏུ་འཇུག་པ་ལོགས་སུ་དབྱེ་ནས་བརྔོ་བ་བཅས་ལས་རིམ་དེ་དག་བརྒྱུད་ལས་སྣོན་བཟོ་གྲྭའི་ནང་གི་རྡོ་འཐག་གིས་ནས་འབྲུ་རྡོག་རེ་རེ་བཞིན་རྩམ་པར་འཐག་ནས་དེ་གར་ཡིད་དབང་འཕྲོག་པའི་དྲི་ཞིམ་གྱིས་ཁེངས་ཡོད། 
          བསྟན་འཛིན་སྒྲོལ་དཀར་གྱིས་ད་ཆར་རྩམ་པ་ལས་སྣོན་བཟོ་གྲྭར་རྒྱ་མ2ཅན་དང་རྒྱ་མ5ཅན། རྒྱ་མ10ཅན་བཅས་རིགས3ལས་མེད་ལ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སོགས་ཤང་གྲོང་དང་སློབ་གྲྭར་ཕྱིར་ཚོང་བྱ་ཡུལ་15ཡོད་ཅེས་བཤད། “རིམ་པ་རྗེས་མར་ང་ཚོས་ལག་རྩལ་བཙལ་ནས་རྩམ་པའི་ཀ་ར་ཀོ་རེ་སོགས་ཐོན་རྫས་རབ་དང་རིམ་པ་ཐོན་སྐྱེད་བྱེད་རྩིས་ཡོད་པ་མ་ཟད། གློག་རྡུལ་ཚོང་དོན་ཐབས་ལམ་བརྒྱུད་ཕྱིར་ཚོང་བྱས་ནས་ལས་སྣོན་བཟོ་གྲྭའི་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་ཐོན་དུ་འཇུག་རྩིས་ཡོད”ཅེས་ཟེར།

    འདི་ནི་སྤུ་གླིང་གྲོང་ཚོའི་གྲོང་མིས་ནས་འདེབས་བཞིན་པ་རེད།

          མིག་སྔར། སྤུ་གླིང་གྲོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཨ་སྔོན་གྱི་མཐོངས་སུ་ལོ་ངོ་སྟོང་གི་གུ་གེའི་གནའ་ཤུལ་འགྱིང་ངེར་འགྲེང་ནས་གྲོང་མི་ཚོའི་ངལ་རྩོལ་གྱི་དཔང་པོ་བྱེད་ཀྱི་ཡོད་ཅིང་། ས་མུའུ430ཡོད་པའི་ས་ཞིང་དེར་སླར་ཡང་ནས་འདེབས་འགོ་ཚུགས་ཡོད། ས་ཆ་དེར་གྲོང་ཚོ་ཡོངས་ཀྱི་མི་རྣམས་ཀྱི་རེ་བ་འདུས་ཡོད་ཅིང་། ཀུན་གྱིས་ཀྱང་ད་ལོར་ཆར་ཆུ་དུས་སུ་འབབ་པར་རེ་སྒུག་བྱེད་ཀྱི་ཡོད། དེ་ལྟར་བྱས་ཚེ་མཉམ་ལས་ཁང་གི“རྡོ་གཤམ་རྩམ་པའི”ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་པས་ཚང་མ་ཕྱུག་འགྱུར་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་ཐུབ་ངེས་སོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1