གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༡༥ཉིན།

རང་རྒྱལ་གྱི་སྨན་བཅོས་འགན་བཅོལ་གྱི་འགྲོ་ལུགས་ཕྱོགས་ཡོངས་ནས་སྟབས་བདེ་རུ་བཏང་བ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས《རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་དོན་ཚན་གསལ་ཐོ》(གཤམ་དུ《རྒྱལ་ཡོངས་ཀྱི་གསལ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་སྨན་བཅོས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་དོན་ཚན་གསེད་བཀྲོལ་དང་ཚད་ལྡན་དུ་བཏང་བ་དང་། ས་གནས་ཁག་གིས《རྒྱལ་ཡོངས་ཀྱི་གསལ་ཐོའི》རྨང་གཞིའི་ཐོག་སྒྲུབ་གཉེར་དཔྱད་ཡིག་ཁུ་བསྡུ་རུ་གཏོང་བ་དང་། སྒྲུབ་གཉེར་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། སྒྲུབ་གཉེར་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱས་ཏེ། “མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་མི་གཞན་ལ་རྟེན་མི་དགོས་པ་དང་ཐེངས་གཅིག་ལས་སྐྱོད་མི་དགོས་པའི”བརྩོན་ལེན་བྱས་ཡོད་པ་རེད། 2020ལོའི་ཟླ་8པའི་ཟླ་མཇུག་གོང་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་གྱི་ལས་དོན་གཉེར་བར་དེ་བས་སྟབས་བདེ་ཡོང་ངེས།
        《རྒྱལ་ཡོངས་ཀྱི་གསལ་ཐོའི》ནང་མིག་སྔའི་སྨན་བཅོས་འགན་བཅོལ་ལ་སྒྲུབ་གཉེར་བྱེད་པའི་ཞབས་ཞུའི་རྣམ་གྲངས་ཁག་ཚུད་ཡོད་པ་རྣམ་གྲངས་གཙོ་བོ་ཁག་10ལ་དབྱེ་བའི་ནང་འགན་བཅོལ་ལ་ཞུགས་པ་དང་། འགྲོ་ལུགས་གཞན་སྒྱུར། ས་གནས་གཞན་དུ་སྨན་བཅོས་ཐོ་འགོད་བྱེད་པ་སོགས་ཚུད་ཡོད། རྣམ་གྲངས་གཙོ་བོ་དེ་དག་ཡན་ལག་རྣམ་གྲངས་ཁག་28ལ་དབྱེ་ནས་ཡན་ལག་རྣམ་གྲངས་རེའི་མིང་དང་། རྣམ་གྲངས་ཀྱི་སྒྲིག་ཨང་། སྒྲུབ་གཉེར་དཔྱད་ཡིག སྒྲུབ་གཉེར་དུས་བཀག སྒྲུབ་གཉེར་བརྒྱུད་རིམ། གཞི་འཛིན་ས་བཅས་ཚང་མ་ཚད་ལྡན་དང་གཅིག་གྱུར་བཟོས་ཡོད་པ་རེད།
        《རྒྱལ་ཡོངས་ཀྱི་གསལ་ཐོའི》ནང“གཅིག་འཐུས་རྣམ་པའི་མཉམ་འབྲེལ་སྒྲུབ་གཉེར”གྱི་ཞབས་ཞུའི་བརྒྱུད་རིམ་བཏོན་ཡོད་པ་དང་། དཔྱད་ཡིག་ཁུ་བསྡུ་རུ་གཏོང་དགོས་ཏེ། མང་ཚོགས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་དང་འབྲེལ་བ་ཡོད་རིགས་ཀྱི་སྒྲུབ་གཉེར་དཔྱད་ཡིག་ཚང་མ་ཁག་4ནས་བརྒལ་མི་རུང་བ་དག་ཁ་གསལ་བཀོད་ཡོད་པ་དང་། “དཔྱད་ཡིག་གཞན་དག”དང“འབྲེལ་ཡོད་དཔྱད་ཡིག”སོགས་ཁ་གསལ་མེད་པ་དག་ཚང་མ་མེད་པར་བཟོ་དགོས། ཞབས་ཞུའི་དོན་ཚན་ཁག་9ལག་ཁྱེར་གཅིག་གིས་གཉེར་ཆོག་པ་དང་ཞབས་ཞུའི་དོན་ཚན་ཁག་4ལ་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་དགོས་པ་བཏོན་ཡོད། དཔྱད་ཡིག་10ནས་3བར་ཉུང་དུ་བཏང་བ་དང་སྒྲུབ་གཉེར་ལ་མཁོ་བའི་དཔྱད་ཡིག་གི་གྲངས་འབོར་སྤྱིར་ན་ཉུང་དུ་གཏོང་ཚད་40%ལས་བརྒལ་བ་མ་ཟད། སྒྲུབ་གཉེར་དུས་ཡུན་ཡང་ཐུང་དུ་བཏང་ཡོད་པ་རེད། སྒྲུབ་གཉེར་དུས་བཀག་གསལ་པོ་བཟོས་པའི་ཡན་ལག་རྣམ་གྲངས་26ཁྲོད་སྒྲུབ་གཉེར་དུས་ཡུན་ཐུང་དུ་གཏོང་ཚད་50%ལས་བརྒལ་བ་དང་ཞབས་ཞུའི་དོན་ཚན་30%ལྷག་ཙམ་ཉུང་དུ་བཏང་བ་དེས་ཉིན་25ཡི་ལས་དུས་གྲོན་ཆུང་ཐུབ་པ་དང་། ཞབས་ཞུའི་དོན་ཚན་40%ཙམ་ཉུང་དུ་བཏང་བ་དེ་དག་ལས་དུས་ཉིན་15ནས་20བར་དང་མང་ཤོས་སུ་ཉིན་30གྲོན་ཆུང་ཐུབ་ཡོད།
        《རྒྱལ་ཡོངས་ཀྱི་གསལ་ཐོ》རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་གཞུང་ཕྱོགས་དྲ་བ་དང་དེ་བཞིན་དེའི་སྤྱི་རྟགས་དང་། ས་གནས་ཁག་གི་རིམ་ཁག་སྨན་བཅོས་འགན་སྲུང་ཅུས་ཀྱི་གཞུང་ཕྱོགས་དྲ་བ་དང་དེའི་སྤྱི་རྟགས་དང་སྨན་བཅོས་འགན་སྲུང་ཞབས་ཞུའི་སྐར་ཁུང་སོགས་བརྒྱུད་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་རྒྱུ་དང་སྤྱི་དམངས་ཀྱིས་བྱ་ཐབས་སྣ་མང་སྤྱད་ནས་སྨན་བཅོས་འགན་བཅོལ་སྲིད་དོན་ཞབས་ཞུའི་དོན་ཚན་ལ་ཡོངས་བསྒྲགས་ཞིབ་བཤེར་བྱ་ཆོག  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1