ཞི་ཅིན་ཕིང་གིས་སིང་ག་ལཱའི་ཙུང་ཐུང་ཀི་ཐཱ་པཱ་ཡཱ་དང་ཁ་པར་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-15


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་སིང་ག་ལཱའི་ཙུང་ཐུང་ཀི་ཐཱ་པཱ་ཡཱ་དང་ཁ་པར་གྲོས་མོལ་མཛད། 
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་གི་སྐབས་སུ། སིང་ག་ལཱའི་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོར་རྒྱབ་སྐྱོར་གང་ལེགས་བྱས་པ་དང་། མི་སེམས་དྲོ་བར་བྱེད་པའི་བྱ་སྤྱོད་མང་བོས་ཡིད་འགུལ་ཐེབས་པར་བྱས་ཡོད། སྐུ་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག སིང་ག་ལཱ་ཡིས་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་ཐོབ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ལཱའི་དགོས་མཁོ་ལྟར། མུ་མཐུད་དུ་རྒྱབ་སྐྱོར་དང་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་བྱེད་འདོད་ཡོད་ལ། སིང་ག་ལཱའི་མི་དམངས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། སིང་ག་ལཱའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་སྐབས་སུ་སིང་ག་ལཱ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་སེམས་ཁུར་བྱས་པར་བཀའ་དྲིན་ཞུས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོར་ཡོད་པའི་སིང་ག་ལཱའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ལཱ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་མཉམ་འབྲེལ་མཉམ་འགོག་གི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འབྲེལ་བ་ཡོད་པའི་རིམས་འགོག་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་འདོད་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སིང་ག་ལཱ་རྒྱལ་ཁབ་གཉིས་ནི་ལྷག་བསམ་རྣམ་དག་གིས་ཕན་ཚུན་རོགས་སྐྱོར་དང་མི་རབས་ནས་མི་རབས་བར་མཛའ་མཐུན་བྱེད་པའི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་དང་ཡིད་ཆེས་ལ་ཉམས་སད་ཆེན་པོ་ཐོབ་ཡོད་པ་དང་། ཐེངས་འདིར་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་སྐབས་མཛའ་བཤེས་ཡང་བསྐྱར་ཇེ་ཟབ་ཏུ་སོང་ཡོད། ཕྱོགས་གཉིས་ཀྱིས་རིམས་ནད་འགོག་སྲུང་ལ་ཁག་ཐེག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག རིམ་བཞིན་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སླར་གསོ་བྱས་ཤིང་། གོ་རིམ་ལྡན་པར་ལས་གཞི་ཆེན་མོར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་བརྒྱུད་གཅིག་ལམ་གཅིག་གི་མཉམ་འཛུགས་ལ་ཡར་སྐུལ་གཏོང་དགོས། དེ་ལས་སིང་ག་ལཱའི་དཔལ་འབྱོར་སླར་གསོའི་ཐད་རོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་ཅེས་གསུངས། 
        ཀི་ཐཱ་པཱ་ཡཱ་ཡིས་བསྟན་དོན། ཁྱེད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཀྲུང་གོའི་མི་དམངས་ཀྱི་ཕུལ་དུ་བྱུང་བའི་བློ་གྲོས་དང་སྟོབས་ཤུགས་མངོན་པར་བྱས་ཡོད། སིང་ག་ལཱ་དང་ཀྲུང་གོའི་མཛའ་བཤེས་རྒྱུན་རིང་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་བདེ་བླག་ངང་སྤེལ་བཞིན་ཡོད། དུས་ཡུན་རིང་བོའི་ཚུན་ལ། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ལཱའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་མྱོང་བས་སིང་ག་ལཱའི་མི་དམངས་ཀྱིས་དེར་བཀའ་དྲིན་ཞུ་བཞིན་ཡོད། ཁྱེད་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སིང་ག་ལཱའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་གནས་སྐོར། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཁི་ལོན་ཕའོ་གྲུ་ཁ་སོགས་བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལས་གཞི་གཙོ་བོར་བདེ་བླག་ངང་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོ་སིང་ག་ལཱ་རུ་ཡོང་ནས་དངུལ་གཏོང་མཉམ་ལས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། སིང་ག་ལཱའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1