བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཕྱོགས་བསྡུས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ནས“རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ”བསུས་པ།

བཀྲ་ཤིས་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-20



        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན་ནི་འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཐེངས44པ་དེ་ཡིན་ལ། བོད་ལྗོངས་གཡག་རྟེན་མཛོད་གླིང་སྒོ་ཕྱེ་ནས་ལོ་ངོ6འཁོར་བའི་ལོ་ཡང་རེད། ཟླ5པའི་ཚེས17ཉིན་གྱི་སྔ་དྲོར་བོད་ལྗོངས་ གཡག་རྟེན་མཛོད་གླིང་གི2020ལོའི“5•18རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོའི”ཕྱོགས་བསྡུས་རིག་གནས་བྱེད་སྒོ་རྟེན་མཛོད་གླིང་གི་ཚོམས་ཆེན་དུ་འགོ་ཚུགས་པ་རེད། 
འདི་ནི་བྱེད་སྒོའི་ཡུལ་དངོས་རེད། 
        ཡུལ་དངོས་སུ་སྔ་རྗེས་སུ2020ལོའི“5•18རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི”ཕྱོགས་བསྡུས་རིག་གནས་བྱེད་སྒོའི་བརྗོད་གཞིའི་གཏམ་བཤད་དང་། 《ནོར་གནག་ཀྲེ་ཅང་དུ་བསྐྱོད་པ་སྟེ་ས་མཐོའི་ནོར་གནག་རིག་གནས་ས་ཚིགས》ཞེས་པའི་ཆེད་དོན་སྙན་ཞུ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བོད་ལྗོངས་གཡག་རྟེན་མཛོད་གླིང་ལ་རྟེན་ཉར་དངོས་རྫས་ཞལ་འདེབས་ཕུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། 
འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་རེད། 
        བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཧྲུའུ་ཅི་གཞོན་པ། འགོ་གཙོ་གཞོན་པ་ཆུང་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“འདྲ་མཉམ་ལ་གཞོལ་བའི་རྟེན་རྫས་བཤམས་མཛོད་ཁང་སྟེ་སྣ་མང་དང་བསྟུན་མཁས་བྱེད”ཅེས་པ་དེ་རེད། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྗོད་དོན་གཙོ་བོའི་བཀོད་སྒྲིག་དང་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཡུལ་དངོས་སུ་མི་གྲངས་དང་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས་ཤིང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་མར་སྤྱད་དེ་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་བ་རེད། 
འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དང་གྲོང་ཁྱེར་གྱི་གྲོང་མི། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ། སྐོར་སྐྱོད་འགྲེམས་སྟོན་བཅས་སུ་སླེབས་པའི་ནང་སའི་གྲོང་ཁྱེར་གྱི་གྲོང་མི་མི་ཐེངས་ཁྲི86ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། སྔ་རྗེས་སུ་ནོར་གནག་བརྗོད་དོན་གཙོ་བོའི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཆེ་མོ་སོགས་ལྟད་མོ་བས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་ཐེངས20ལྷག་ཙམ་སྤེལ་བ་རེད། 
        རྒྱལ་ནང་གི་སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་གནས་དངོས་མང་བཤམས་སྟོན་སྡེ་ཚན་བར་གྱི་འབྲེལ་འདྲིས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཕྱི་ནང་གི་རིག་གནས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་པ། བོད་རྒྱ་མི་དམངས་ཀྱི་བརྩེ་དུང་ཇེ་ཟབ་ཏུ་གཏོང་པ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་པ། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་གསར་གཏོད་གཉེར་སྒྲུབ་ཀྱི་འདུ་ཤེས་གསར་འཛུགས་བཅས་ཆེད། སྔ་རྗེས་སུ་པེ་ཅིང་དང་ཀོང་ཀྲོའུ། ནན་ཅིང་། ཧང་ཀྲོའུ་སོགས་གྲོང་ཁྱེར་དུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པར་བསྐྱོད་ནས་ཁྱོན་ལྟད་མོ་བ་མི་ཐེངས་ཁྲི53ལ་སྣེ་ལེན་ཞུས་ཤིང་། དྲང་ནུས་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། གཞན་ཡང་རྟེན་མཛོད་གླིང་གི་རྟེན་ཉར་དངོས་རྫས་བསྡུ་རུབ་ཐད་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་འབད་བརྩོན་ལྷོད་མེད་བྱས་ཤིང་། ཐབས་ལམ་སྣ་ཚོགས་བརྒྱུད་རྟེན་ཉར་དངོས་རྫས6812བསྡུ་རུབ་བྱས་པ་དང་མིག་སྔར་བྲེལ་བརྩོན་ཆེན་པོས་རྟེན་མཛོད་གླིང་གི་རིམ་མཚུངས་རེ་ཞུའི་འབྲེལ་ཡོད་གྲ་སྒྲིག་ལས་དོན་གྲ་སྒྲིག་དང་ལག་བསྟར་བྱེད་བཞིན་ཡོད་པ་རེད། 
འདི་ནི་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགོ་གཙོ་ཝུའུ་ཡུས་ཁྲུའུ་ཡིས་གཏམ་བཤད་གནང་བཞིན་པ་རེད། 
        བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགོ་གཙོ་ཝུའུ་ཡུས་ཁྲུའུ་ཡིས་ཞལ་འདེབས་འབུལ་མཁན་ལ། ད་ཐེངས་ཀྱི་བྱེད་སྒོར་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བོད་ལྗོངས་ཀྱི་ གཡག་རྟེན་མཛོད་གླིང་གི་བྱ་གཞག་ལ་རྒྱབ་སྐྱོར་དང་གཅེས་སེམས་ཟབ་མོ་བཅངས་པ་མཚོན་ཡོད་ཅིང་།རྟེན་མཛོད་གླིང་གིས་ཞལ་འདེབས་དངོས་པོར་ཉར་ཚགས་དང་ཞིབ་འཇུག  འགྲེམས་སྟོན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ངེས་ཤིང་། ད་རེས་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་དང་ལེན་བྱས་པའི་ཞལ་འདེབས་རྟེན་ཉར་དངོས་རྫས་ལ་ཉར་ཚགས་རིན་ཐང་དང་སྒྱུ་རྩལ་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཞིང་རྟེན་མཛོད་གླིང་གི་སྤྱི་ཚོགས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་དྲིལ་བསྒྲགས་ཀྱི་ནུས་པ་ཡག་པོ་ཐོན་ཡོད་ཅེས་བསྟན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1